མིག་ཆུ་ཞེས་པའི་དེབ་ཀྱི་རྩོམ་པ་པོ་བྲོས་བྱོལ།

རང་ལོ་ ༡༩ ཙམ་ཡིན་པ་ཁོང་གིས་<<མིག་ཆུ་>>ཞེས་པའི་སྙན་དེབ་ཅིག་བཏོན་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༢ ཡས་མས་སུ་རྔ་པ་རྫོང་ནས་འགྲེམས་སྤེལ་བྱས་པར་བརྟེན། ད་ལྟ་ཁོང་ས་གནས་གང་སར་བྲོས་ནས་རྒྱ་ནག་གཞུང་ལ་གབ་ནས་བསྡད་ཡོད་འདུག་
དེང་ཐོག་<<མིག་ཆུ་>>ཞེས་པའི་སྙན་དེབ་ཅིག་བཏོན་པ་དང། སྐབས་དེར་རྔ་པའི་ཉེན་རྟོག་པས་ཆབ་སྲིད་ཀྱི་དོགས་གཞིའི་འོག་ཁོང་འཛིན་བཟུང་བྱེད་རྩིས་བྱས་ཀྱང་སྐབས་དེར་འབྲོ་ཐུབ་འདུག དེ་ནས་ཉིན་བཅོ་ལྔ་ཙམ་གྱི་རྗེས་སུ་ཁོང་རང་གི་དགོན་པར་འབྱོར་བ་ཞང་ཉེན་རྟོག་པ་དང་ཁྱུང་མཆུ་རྫོང་ཉེན་རྟོག་པས་ཤེས་ཏེ་འཛིན་བཟུང་བྱེད་རྩིས་བྱས་ཀྱང་སྔར་བཞིན་ཁོང་བྲོས་ཡོད་འདུག འོན་ཀྱང༌། ཉིན་ཤས་རྗེས་སུ་ཁོང་གི་དེབ་དཔར་སྐྲུན་བྱེད་པར་རོགས་རམ་བྱེད་མཁན་རང་གི་གྲོགས་རོང་ཐ་དགོན་གྱི་གྲྭ་ཚེ་པ་འཛིན་བཟུང་བྱས་ནས་འབར་ཁམས་སུ་བཀག་ཉར་བྱས་ཡོད་འདུག རྩོམ་པ་པོ་དགེ་འདུན་ཚེ་རིང་སྐབས་ཐོག་དེར་བྲོས་བྱོལ་གྱིས་ཉིན་མཚན་འཁྱོལ་དཀའ་བའི་གནས་སུ་གྱུར་ཡོད་ལ་ཁོང་གི་ནང་མིའི་རྩར་རྒྱུན་དུ་ཤང་དང་རྫོང་སོགས་ཀྱི་ཉེན་རྟོག་པ་ཡོང་ནས་རྩད་གཅོད་བྱས་དང་བྱེད་མུས་ཡིན་འདུག
<<མིག་ཆུ་>>ཞེས་པའི་སྙན་དེབ་དེའི་ནང་དོན་ཕལ་ཆེ་བ་ས་བྱི་ཞི་རྒོལ་ཆེན་མོའི་དངོས་ཡོད་ལོ་རྒྱུས་བརྗོད་བྱ་བྱས་པའི་སྙན་རྩོམ་ཞེ་གཅིག་ཡིན་འདུག  དཔེར་ན། ཚེ་སྲོག་ལ་གྱེར་བའི་དུར་ཐང་གི་ངུ་འབོད་ཅེས་པ་དང༌། ལོ་གསར་མེད་པའི་དུས་སྟོན། རྙི་འོག་གི་བསམ་གཞིགས། སྙིང་ལ་གས་ཆད་ཤོར་བའི་ངུ་འབོད་སོགས་ནི་སྙན་རྩོམ་ཁག་ཅིག་གི་འགོ་བརྗོད་ཡིན་འདུག །