༧གོང་ས་མཆོག་གི་གསུང་འཕྲིན་སྐོར་ལ་ཉན་ཞིབ།
ཤིག་ཡོང་མིན་དཀའ་ཡང། དེ་སྔོན་སྐྱོན་བརྗོད་བྱེད་མཁན་ཚོའི་བར་དུ་ཡང་གནས་ལུགས་གང་ཡིན་ཕན་ཚུན་ཡིད་ཆེས་སྙེད་པ་ཞིག་བྱུང་མིན་ཁག་པོ་ལྟ་བུ་ཆགས་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་༧གོང་མཆོག་གིས་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། “ཕྱི་ལོ་༢༠༠༢ ནས་འབྲེལ་མོལ་བསྐྱར་མཐུད་བྱས་པ་ནས་བཟུང་བོད་རིགས་ཡོངས་ཀྱི་འབྱུང་འགྱུར་གྱི་གནས་བབ་ཁོ་ན་བརྗོད་གཞིར་བཟུང་སྟེ་གླེང་མོལ་བྱས་འབྲས་སུ་རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་མཁྲེགས་བཟུང་མ་བྱས་པར་དོན་དངོས་དང་བསྟུན་ཏེ་གུ་བཤང་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་གྱི་ཆ་རྐྱེན་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད་འདི་ལོ་འབྲེལ་མོལ་དགུ་པའི་སྐབས་འགྲེལ་བརྗོད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིག་ལམ་དུ་གྱུར་ཟིན།
གོང་སྨོས་རྣམས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུང་བྱེད་ཁུལ་ཡང། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གི་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་འདུ་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས།
འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྦྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱེད་དགོས་པ་བཅས་ཡིད་འཇགས་གྱིས་”ཞེས་འཁོད་ཡོད་པ་རེད།
གསུང་འཕྲིན་དེ་གཞིར་བཟུང་གིས་ཉན་ཞིབ་ལྷན་ཚོགས་དེ་གནང་བ་ཞིག་ཡིན་པ་དང། དེའི་སྐབས་བཀའ་མི་རིགས་ས་གནས་རང་སྐྱོང་སྐོར་གྱི་ཡིག་ཆ་དེ་དགོངས་ས་མཆོག་གི་དགོངས་ཚུལ་དང་མི་མཐུན་པའི་སྐོར་གསུང་མཁན་སྤྱི་འཐུས་གཉིས་ཙམ་བྱུང་ཡོད་པ་དང། དེ་བཞིན་ཡིག་དེ་༧གོང་ས་མཆོག་གི་དགོངས་གཞི་ལྟར་གཏན་འབེབས་ཀྱིས་རྒྱ་ནག་ལ་སྤྲད་པ་ཞིག་ལ་ངོས་འཛིན་ཡིད་ཆས་བྱེད་ཀྱི་ཡོད་ཀྱང། དེའི་གྲུབ་འབྲས་གང་ཡང་ཐོན་མི་ཐུབ་པས། ཡིག་ཆ་དེར་འགྱུར་བ་དགོས་སྐོར་གསུང་མཁན་ཡང་ཁག་ཅིག་བྱུང་ཡོད་ནའང། དོགས་འདྲི་དང་བསམ་ཚུལ་གསུང་མཁན་མང་ཆེ་བའི་ཡིག་ཆ་དེ་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་མ་ཟད། མ་འོངས་པར་དེའི་༧གོང་ས་མཆོག་གི་དགོངས་གཞི་ལྟར་ཤར་བསྐྱོད་དགོས་སྐོར་གསུང་མཁན་ཡང་ཡོད་པ་རེད། ཚེས་༡༩ ཉིན་གྱི་སྔོ་དྲོའི་ཆུ་ཚོད་༡༠།༣༠ ནས་ཉན་ཞིབ་དེ་མུ་མཐུད་འཚོག་འཆར་ཡོད་པ་རེད།།