སྤྱི་འཐུས་མང་དུ་གཏོང་མ་ཐུབ་པར་བློ་ཕམ།
སྤྱི་འཐུས་མེད་ས་ཚོར་ཡོད་པ་བཟོ་རྒྱུའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་མ་ཐུབ་པར་དགོངས་ཚུལ་གང་ཡོད་དང། དཀའ་ངལ་གང་ཡིན་སྐོར་བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་སུ་བཅར་འདྲི་ཞུས་པར། ཁོག་གིས་གསུང་དོན། ཁྲིམས་འཆར་དེར་རྒྱབ་སྐྱོར་མ་རག་པར་བློ་ཕམ་བྱུང་སོང། མི་འབོར་ལ་དཔག་པའི་ཐོབ་ཐང་ཞིག་དགོས་ཀྱི་ཡོད་ཟེར་གྱི་ཡོད་པ་མ་རེད་བསམ་གྱི་འདུག ས་གནས་འཐུས་མི་དགོས་པ་རྒྱུ་མཚན་དུ་མཐོང་ནས། ཨ་རི་དང་ཁ་ན་ཌར་བོད་མི་བཅིག་སྟོང་ལྷག་ཡོད་པའི་སྐབས་འཐུས་མི་གཅིག་དང། ཡུབ་རོབ་ནང་དུ་བོད་མི་ཉིས་སྟོང་ལྷག་ཡོད་པས། འཐུས་མི་གཉིས་ཡོད་པ་རེད། ད་ལྟ་ཨ་རི་དང་ཁ་ན་ཌར་བོད་མི་ཆིག་ཁྲི་ལྔ་སྟོང་ལྷག་ཡོད་པ་དང། དེ་ཚོ་ས་གནས་གཅིག་ཏུ་ཡོད་ན་འཐུས་མི་གཅིག་ཡོད་ན་འགྲིག་རེེད་མོད། ས་གནས་༣༡ ལྷག་གི་ནང་ཁ་གྲམ་བསྡད་ཡོད་པ་རེད། འཐུས་མི་གཅིག་གིས་འགན་ཁུར་སྟེ་མི་མང་ལ་འབྲེལ་བ་བྱེད་རྒྱུར་དུས་ཚོད་ཀྱིས་འདང་གི་མ་རེད་ལ། ལམ་གྲོན་ཡང་དཀའ་ངལ་ཆེན་པོ་རེད། ས་གནས་མི་མང་གི་བསམ་འཆར་དང་མངོན་འདོད་འཐུས་མིར་ཞུ་དགོས་ནའང་དེ་བཞིན་དཀའ་ངལ་ཡོད་པ་རེད། རང་ཉིད་ཡིན་ནའང། སྤྱི་འཐུས་སྐབས་བཅུ་གསུམ་པའི་སྐབས། ལས་ཀ་ནས་དགོངས་པ་ཞུས་ཏེ། ས་གནས་བཅུ་བཞི་བཅོ་ལྔ་ཙམ་ལ་བཅར་ཐུབ་སོང། དེ་བཞིན་སྐབས་བཅུ་བཞི་པའི་དུས་ས་གནས་བདུན་བརྒྱད་ཅིག་ལ་བཅར་བ་ཡིན། ད་དུང་སླེབས་མ་ཐུབ་སའི་ས་གནས་ཁག་ཅིག་ཡོད་པ་རེད། ས་ཆ་གླིང་ཆེན་རྒྱ་ཆེ་ཐག་ཆོད་ནས་སླེབས་ཐུབ་ཡོད་པ་མ་རེད། དེ་བཞིན་ཨོ་སི་ཁྲུ་ལི་ཡ་དང། ཐེ་ཝན་སོགས་སུ་འཐུས་མི་གཅིག་ཀྱང་ཡོད་པ་མ་རེད།
རྒྱལ་ཁབ་སུམ་ཅུ་ལྷག་གི་ནང་བོད་མི་གྲམ་བསྡད་ཡོད་པས། རྒྱ་བལ་འབྲུག་གསུམ་གཅིག་པུའི་ནང་གི་བོད་མིས་བོད་ཀྱི་རྩ་དོན་ཐོག་ལ་འགན་ཁུར་བ་ཡིས་འགྲིག་གི་མ་རེད། ཕྱི་རྒྱལ་ཁག་གི་བོད་མིས་རྩ་དོན་གྱི་ཐོག་ལ་འགན་ཁུར་དགོས་པས། བོད་གཞུང་ལ་འབྲེལ་བ་བྱེད་ས་ལ་ས་གནས་ཀྱི་འཐུས་མི་དགོས་ཀྱི་ཡོད་པ་རེད། དོན་གཅོད་ཡོད་པ་རེད་མོད། དོན་གཅོད་དེ་གཙོ་བོ་འཛིན་སྐྱོང་གི་སྐོར་ལ་གལ་ཆེན་པོ་རེད། མང་གཙོ་ཚད་དང་ལྡན་པ་ཡོང་ཐབས་སུ་འཐུས་མི་དགོས་པ་གལ་ཆེན་པོ་རེད། དེ་བཞིན་ས་གནས་ནས་འཐུས་མི་ཡོད་ན། གྲོས་ཚོགས་ནང་གྲོས་ཚོགས་འོག་མའི་འགན་འཁུར་ཐུབ་པ་ལ་ཡང་ཕན་ཐོགས་པ་དང། བོད་མི་ཚོས་སོ་སོའི་འཐུས་མི་དང་འབྲེལ་བ་བྱེད་ས་ཡོད་ན། བོད་དོན་ལས་འགུལ་ལ་ཡང་ཕན་ཐོགས་ཡོད་པ་རེད། ས་གནས་མི་མང་ཚོ་བོད་གཞུང་དང་ཁ་ཐག་རིང་དུ་མི་འགྲོ་བ། དེ་བཞིན་དཔྱ་ཁྲལ་ཆ་ཚང་འབུལ་ཐུབ་པ་སོགས་ལ་ཕན་ཐོགས་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་སོང།།
