མོན་གྷོར་ས་གནས་འཐུས་མིའི་ཚོགས་འདུ།
དེ་ཡང་འཐུས་མི་ཚོ་སྒེར་གྱི་གྲོས་ཆོད་གྲོས་འཆར་དང་ཐུགས་སྣང་གཞེན་སྐུལ་སོགས་ཀྱི་ཐོག་བགྲོ་གླེང་དོགས་འདྲི་ཉིན་གསུམ་རིང་གནང་ཡོད་པ་དང་། གྲོས་འཆར་གྲོས་ཆོད་དང་ཐུགས་སྣང་གཞེན་བསྐུལ་སོགས་ཀྱི་ནང་དོན་གཙོ་བོ་ནི་འབྱུང་འགྱུར་༧གོང་ས་མཆོག་གིས་སྐུ་ཕྱྭ་ཞབས་རིམ་ལེགས་པོ་དགོས་སྐོར་དང་། བཀའ་སྤྱི་འོས་འདེམས་བྱེད་སྟངས་སྐོར། དེ་བཞིན་བོད་མིའི་སྐད་ཡིག་སྲུང་སྐྱོབ་དང་རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས། ལྷག་ཏུ་༧གོང་ས་མཆོག་གིས་ཐུགས་རེ་བཞིན་གཞིས་ཆགས་ཡར་རྒྱས་སྲ་བརྟན་སོགས་ཀྱི་སྐོར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་སྐོར་སོགས་ཡིན་པ་རེད། གཞན་ཡང་མོན་གྷོ་ས་གནས་འགོ་འཛིན་གྱིས་ས་གནས་གཞིས་ལས་ཁང་དང་ཁྱབ་ཁོངས་སྡེ་ཚན་ཁག་གི་ཟླ་དྲུག་རིང་ཆོས་སྲིད་གཉིས་ཐད་གྲུབ་འབྲས་གང་ཐོན་གྱི་ལས་བསྡོམས་དང་མོན་གྷོ་གཞིས་ལས་ཁང་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་ཀྱི་རྩིས་ཁྲ་སྙན་སྒྲོན་གནང་བ་མ་ཟད། ས་གནས་མཉམ་འབྲེལ་དང་ས་གནས་རང་བདེན་ཚོགས་ཆུང་སོགས་ཀྱི་ཕྱག་ལས་གནང་ཕྱོགས་འགྲིག་མིན་གྲོས་ཆོད་གྲོས་འཆར་ནང་གི་དོགས་འདྲི་སོགས་ལ་ལན་འདེབས་གནང་ཡོད་པ་རེད། དེ་བཞིན་འཆར་ལོའི་ནང་ས་གནས་འགོ་འཛིན་ལས་ཁུངས་ནས་སྔོན་རྩིས་བཀའ་འཁྲོལ་ཞུས་པ་གཞིར་བཟུང་ཐོག་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གིས་བཀའ་འཁྲོལ་གཏན་ཕེབས་གནང་བ་དག་ཀྱང་སྙན་སྒྲོན་གནང་ཡོད་པ་རེད། མཇུག་བསྡོམས་ཀྱི་གསུང་བཤད་ས་འཐུས་ཚོགས་གཙོ་ལགས་ནས་གནང་དོན། ས་གནས་གྲོས་ཚོགས་སྐབས་བདུན་པའི་ཚོགས་དུས་གཉིས་པ་བགྲོ་གླེང་གོ་བསྡུར་དང་དོགས་འདྲི་ལན་འདེབ་སོགས་ལམ་སློང་ཚགས་ཚུད་ཡོང་སོང་བའི་ཚང་མ་ལ་ཐུགས་རྗེ་ལེགས་སོར་གྱི་བསྔགས་བརྗོད་དང་འཚམས་དྲིའི་གསུང་བཤད་བཅས་མོན་གྷོ་ས་གནས་འཐུས་མིའི་ཚོགས་འདུ་ཐེངས་༣༢་པ་རྒྱལ་ཁའི་ངང་མཇུག་གྲོལ་ཡོད་པ་རེད།
མོན་གྷོ་གསར་འགོད་པས།