བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཚོགས་ཞུགས་ མི་སྣའི་ཁོངས་སུ་བཙན་བྱོལ་བོད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་དང་ ཁྲིམས་པ་གཞན་གཉིས། བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ཚོགས་གཙོ་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་གཉིས་རེ་དང། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ། ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རེ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་གཉིས་རེ། ཆོས་བརྒྱུད་ཆེན་པོ་བཞི་དང། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་དྲུག་རེ། བོད་སློབ་འཛིན་ཚོགས་དང། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ་དང་སམ་བྷོ་ཊ་བཅས་ཀྱི་མདུན་ལམ་སློབ་སྟོན་པའི་སྐུ་ཚབ་རེ། རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་རེ། བོད་སྨན་དང་ཕྱི་ལུགས་སྨན་པའི་སྐུ་ཚབ་གཉིས་རེ། རྒྱུན་ལྡན་བོད་དོན་ཐོག་ཐུགས་སྣང་དང་འགན་ཁུར་ལས་འགུལ་སྤེལ་མཁན་དང། མཁས་དབང། ཆེད་ལས་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མཉམ་ཞུགས་གནང་འདོད་ཡོད་རིགས་དང་བླངས་ཕེབས་མཁན་རྒྱ་བལ་འབྲུག་གསུམ་ཁུལ་ནས་གྲངས་༢༥ དེ་མིན་ནས་གྲངས་༢༥ བཅས་ཡིན་པ་རེད།
ཐོག་མའི་འཆར་གཞིའི་ནང་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པ་གཉིས། སྐུ་ཚབ་དོན་གཅོད་ཡོངས་རྫོགས། དྷ་སར་གནས་འཁོད་གཞུང་ཞབས་དྲུང་འཕར་ཡན་ཡོངས་རྫོགས་དང། ཟུང་དྲུང་མན་གྱི་གནས་རིམ་སོ་སོའི་འཐུས་མི་གཉིས་རེ། ས་གནས་འགོ་འཛིན་ཡོངས་རྫོགས། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་འགན་འཛིན་དང་འབྲེལ་མཐུད་པ། སློབ་གྲྭ་ཁག་སོ་སོའི་འགན་འཛིན་དང་སློབ་སྤྱི། ཤེས་ཡོན་འགན་འཛིན་རེ་རེ་བཅས་ཚོགས་འདུའི་གྲུབ་ཆའི་ནང་དུ་ཡོད་ནའང། དེ་དག་ལ་གྲོས་ཆོད་གཏན་འབེབས་སྐབས་བཀའ་ཤག་གིས་དཔལ་འབྱོར་རྒྱབ་གཉེར་གནང་མེད་པ་དང། ཚོགས་ཞུགས་མི་དགོས་པའི་དགོངས་འཁྲོལ་ཞུས་ནས་ཚོགས་བཅར་མི་དགོས་པའི་ཐག་གཅོད་བྱུང་ཡོད་པ་རེད།
ཚོགས་འདུ་དེའི་གྲོས་གཞི་གཙོ་བོ་ནི། ཆབ་སྲིད་དང། མང་གཙོ་འཕེལ་རྒྱས། ཆོས་དང་རིག་གཞུང། གཞིས་ཆགས་སྲ་བརྟན། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། བོད་དོན་དྲིལ་བསྒྲགས་དང་རྒྱ་བལ་འབྲུག་གསུམ་ཕུད་ཁ་འཐོར་བོད་མིའི་གནས་སྟངས་སྐོར། བོད་དོན་བདེན་མཐའ་གསལ་ཐབས་དང། བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༠ འཁོར་ཉེ་དང་བསྟུན་འདས་པའི་ཉམས་མྱོང་ལ་གཞི་བཅོལ་གྱིས་མ་འོངས་ལེགས་སྤེལ་བྱ་ཕྱོགས་ཇི་དགེའི་སྐོར་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་༥༠ འཁོར་བའི་དུས་དྲན་མཛད་སྒོ་དེ་ཡང་རྒྱ་གར་ལྷོགས་བྷེལ་ཀོབ་གཞིས་ཆགས་སུ་སྲུང་རྩི་བྱ་རྒྱུ་ཡིན་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་ལ་མང་གཙོ་གསོལ་སྩལ་གནང་བའི་ཐུགས་རྗེ་ལེགས་འབུལ་གྱི་ཆེད་དུ་གསེར་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད།།