༧རྒྱལ་བ་ཀརྨ་པ་མཆོག་ཡུ་རོབ་ཏུ་ཆིབས་བསྒྱུར་མཛད་འཆར།
བཀའ་བརྒྱུད་དགོན་པ་བསམ་ཡས་གླིང་ནི་ནུབ་ཕྱོགས་སུ་བཞེངས་པའི་ནང་པའི་དགོན་པ་ཐོག་མ་རུ་ངོས་འཛིན་བྱེད་ཀྱི་ཡོད་འདུག གཞན་ཡང་ཆིབས་བསྒྱུར་དུས་ཡུན་རིང་པོ་དེའི་སྐབས་སུ་མི་མང་ལ་གསུང་བཤད་གནང་རྒྱུ་དང། གསུང་ཆོས་གནང་རྒྱུ། གཞན་ཡང་རིག་གཞུང་དང་འབྲེལ་བའི་མཛད་འཆར་དང་གཟིགས་སྐོར་སོགས་གནང་རྒྱུ་ཡིན་འདུག
ད་ཐེངས་ཆིབས་བསྒྱུར་གནང་ཡུལ་རྒྱལ་ཁབ་ཁག་ནི། འཇར་མན་དང། སུད་སི། ཌན་མག པོ་ལན་ཌི། ཧྥ་རན་སི། དབྱིན་ཡུལ། སྦེལ་རྗམ། སི་པན། ནེ་དྷར་ལན་ཌི་བཅས་ཡིན་པ་དང། ༸རྒྱལ་བ་ཀརྨ་པ་བཙན་བྱོལ་དུ་ཕེབས་རྗེས་ཀྱི་ཡུ་རོབ་ཁུལ་དུ་ཆིབས་བསྒྱུར་གནང་བ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
ཐེངས་འདིའི་ཆིབས་བསྒྱུར་གྱི་དམིགས་དོན་གཙོ་བོ་ནི། རྒྱལ་བ་༸ཀརྨ་པ་སྐུ་འཕྲེང་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ་མཆོག་ཕྱི་ལོ་༡༩༧༤ དང་༡༩༧༦ ལོ་སོ་སོར་ཐེངས་གཉིས་ཆིབས་བསྒྱུར་གྱིས་ཡུ་རོབ་ཁུལ་དུ་ཡོད་པའི་མི་མང་ལ་ཆོས་འབྲེལ་ཟབ་མོ་བྱུང་བ་དེ་རྒྱུན་སྐྱོང་གནང་རྒྱུའི་ཆེད་དུ་ཡིན་པ་༸རྒྱལ་བ་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་གསུངས་ཡོད་པ་རེད།།