བོད་ཀྱི་གཙང་པོའི་ཁ་ཕྱོགས་བསྒྱུར་འདུག
དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་ཨ་རིའི་ཨི་པཱོ་ཆི་དུས་བབས་ནང་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ལན་ཌིའི་རྒྱལ་ས་བྷན་ཁོ་ཁི་ནང། ཁེ་ནཱ་ཌ་ནས་ཡིན་པའི་དངོས་བྱུང་གི་གློག་བརྙན་བཟོ་སྒྲིག་པ། སྐུ་ཞབས་མཱེ་ཁལ་བྷག་ལི་མཆོག་གིས་བཟོ་སྒྲིག་གནང་བའི་ཆུ་ཚོད་གཅིག་མ་ཟིན་ཙམ་ཡོད་པའི་དངོས་བྱུང་གི་གློག་བརྙན། “བོད་ནང་གི་ཆག་འཇིག་”ཅེས་པའི་ནང་། བོད་ནང་རྒྱ་ནག་གཞུང་གིས་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ནས་བཟུང་། ཆུ་མཛོད་གསར་རྒྱག་གི་ལས་གཞི་ལག་བསྟར་བྱས་ཡོད་པས། དེང་སྐབས་བོད་ཀྱི་ཆུ་བོ་རྒྱལ་མོ་རྔུལ་ཆུ་སོགས་ཁ་ཕྱོགས་བསྒྱུར་ནས་བོད་ཀྱི་རང་བྱུང་ཁོར་ཡུག་དང། ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་གི་ཞིང་ལས་ཐོན་སྐྱེད་སོགས་ལ་ཧ་ཅང་དོ་ཕོག་ཆེན་པོ་གཏོང་བཞིན་ཡོད་པའི་སྐོར་བརྗོད་ཡོད་པ་རེད།
གློག་བརྙན་བཟོ་སྒྲིག་པ་ཁོང་གིས། ང་བོད་ནང་ཐེངས་མང་བསྐྱོད་ཡོད་ཀྱང་དང་ཐོག་བོད་ནང་གི་ཆུ་མཛོད་དེ་དག་ཤེས་རྟོགས་མ་བྱུང་། ཆུ་མཛོད་རྣམས་གསང་བའི་ཐོག་ནས་བརྒྱབ་ཡོད་པས། གཞུང་ལམ་སྟེང་འགྲོ་སྐབས་ཆུ་མཛོད་རྣམས་མཐོང་མི་ཐུབ་ཅིང། སྐབས་ཤིག་ཁོང་དང་ནུབ་ཕྱོགས་པའི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཆུ་བོའི་གཞུང་དེད་ནས་འགྲོ་སྐབས། རྒྱ་ནག་གཞུང་གིས་ཆུ་མཛོད་ཀྱི་ལས་གཞི་ཧ་ཅང་གཞི་རྒྱ་ཆེན་པོ་འགྲོ་བཞིན་ཡོད་པ་དང། ལས་གཞི་དེ་དང་འབྲེལ་ནས་རྫས་རིགས་ཀྱི་འབག་བཙོག་རྣམས་དངོས་སུ་མཐོང་སོང། གལ་ཏེ་ཁྱེད་ལ་རང་བྱུང་གི་གཙང་པོ་རྣམས་གཏོར་བཤིག་གཏོང་འདོད་ཡོད་ན། ཆུ་མཛོད་རྒྱག་རྒྱུ་ནི་རང་བྱུང་གཙང་པོ་གཏོར་བཤིག་གཏོང་རྒྱུའིི་ལམ་ཁ་ཡག་ཤོས་དེ་རེད་ཅེས། གློག་བརྙན་གཟིགས་འབུལ་གྲུབ་རྗེས་གསར་འགོད་གསལ་བསྒྲགས་ཐོག་ཁྱབ་བསྒྲགས་བྱས་ཡོད་འདུག
དེ་བཞིན་ཁོང་གིས། རྒྱལ་མོ་རྔུལ་ཆུ་དང་འབྲི་ཆུ་སོགས་བོད་ཀྱི་ཆུ་བོ་ཆེ་ཁག་བཀག་བསྐྱིལ་ཆེད་དུ། དེང་སྐབས་རྒྱ་ནག་གཞུང་གིས་ཆུ་མཛོད་མང་པོ་བརྒྱབ་ཟིན་པ་དང་། ད་དུང་ཆུ་མཛོད་༣༠ ལྷག་ཙམ་གསར་རྒྱག་གི་འཆར་འགོད་འགྲོ་བཞིན་ཡོད་པས། འདིས་རྐྱེན་བྱས་ཏེ་རྒྱ་ནག་རང་དང་ཨེ་ཤ་ཡའི་མི་མང་དུང་ཕྱུར་མང་པོའི་འཚོ་གནས་ལ་དོ་ཕོག་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་པ་དེ། གཙོ་བོ་ལས་གཞི་འདིའི་རིགས་ལ་དམིགས་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། ཁོང་གི་དངོས་བྱུང་གི་གློག་བརྙན་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་རིགས་ཕོན་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
