བོད་སྐད་རླུང་འཕྲིན་ཁང་གི་གསར་འགྱུར་ཉན་པའི་ཚོར་སྣང་།

རྒྱུ་མཚན་ནི་ཁྱེད་ལ་ལྟ་ཉན་བྱེད་པའི་རྒྱལ་ཁབ་ཕྱི་ནང་ཚང་མས་མི་རིགས་དེའི་གཟུགས་བྱད་དང་རྣམ་སྤྱོད་སྐད་རིག་གི་སྒྱུ་རྩལ་སོགས་ཤེས་སུ་རྟོགས་པ་ནི་བརྗོད་དུ་མེད་པའི་གནད་ཞིག་རེད། དེ་བས་ཁྱེད་ལ་ཚང་དགོས་པ་ནི་སྤྱིར་སྟངས་ཤེས་བྱར་ཀླད་ཚད་མཐོ་ཞིང་སྐད་རིགས་སྨྲ་བར་འགྱུར་ཁུག་གི་གདངས་ལེགས་པ་སོགས་གཞི་རྩའི་ཆ་ཅན་ཡིན། སྒྲུབ་བྱ་ནི་མང་ཚོགས་ཁྲོད་དུ་བསྐྱོད་དེ་འགྱུར་བཞིན་པའི་དོན་དངོས་འཚོ་བའི་ནང་གི་ཚ་ཚ་འུར་འུར་གྱི་གསོན་ཉམས་ལྡན་པའི་གསར་འགྱུར་མཁོ་སྒྲུབ་བྱེད་དགོས་པ་མ་ཟད། དེ་རྩོམ་ཐུང་དོན་སྙིང་ཟབ་པའི་ཚིག་འབྲུ་དེ་དག་ཆད་ལྷག་མེད་པར་གཙོ་བོ་ཁ་སྐད་རང་གི་ཐོག་ནས་གཙང་དག་གསལ་གསུམ་གྱིས་གསན་པ་པོའི་རྣ་བའི་ལམ་ནས་སྙིང་ལ་ཟུག་ཐུབ་པ་ཞིག་བྱ་དགོས། དོན་གྱི་སྙིང་པོ་ཚིག་གི་ལམ་ནས་གསལ་བ་བྱེད་དགོས་སྟབས་དོན་དང་མཐུན་པའི་ཚིག་གི་རང་བཞིན་རྟོགས་ཏེ་བརྗོད་ཚུལ་ལའང་འགྱུར་ཁུག་གི་སྙན་འཇེབས་ལྡན་དགོས། དེ་མིན་གཞུང་ལས་ཁང་དུ་བསྡད་ནས་གཞན་གྱིས་བྲིས་ཟིན་པའི་ལོ་རྒྱུས་དང་གནའ་བའོ་སྒྲུང་གཏམ། དེ་བཞིན་རང་གི་རྨོངས་འཆར་སྙན་དུ་སྒྲོན་པ་ནི་རླུང་འཕྲིན་གསར་འགྱུར་སྡེ་ཚན་གྱི་དམིགས་དོན་དང་འགལ་བས་མིང་སྟོང་ཙམ་གྱི་གསར་འགོད་པ་ཞིག་ཏུ་འགྱུར་བར་ངེས། ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རྒྱང་སྲིང་རླུང་འཕྲིན་ཁང་གཉིས་ལ་མཚོན་ན། ནོར་བུ་བསམ་འཕེལ་དང་རྡོ་རྗེ་ཚེ་རྟེན་དེ་བཞིན་སྒྲོལ་དཀར་ལགས་གསུམ་ཕུད་པའི་གཞན་རྣམས་ཀྱིས་ཚིག་དོན་ཁ་བྲལ་དུ་བཏང་ནས་ཚིག་གི་ཟློས་སྐྱོན་དང་དོན་གྱི་སྙིང་པོ་བོར་བའི་གཏམ་སྙོག་དུ་མ་གཅིག་རྒྱང་སྲིང་བྱེད་བཞིན་ཡོད། གསར་འགོད་པས་གསར་འགྱུར་སྙན་སྒྲོན་བྱེད་པར་གཅིག་མཐུན་གྱི་གདངས་ཤིག་ཡོད་དགོས་པ་ལས་ར་མ་ལུག་གི་འབའ་སྒྲ་དེ་བོད་སྐད་རང་དབང་རླུང་འཕྲིན་ཁང་གི་ཞན་ཆ་ཆེས་ཤོས་ཤིག་མཐོང་། དེ་ལ་རྟེན་ང་ཚོ་རིག་གནས་དེ་འཛམ་གླིང་འཕོ་འགྱུར་གྱི་འགྲན་ཐང་ཏུ་རྒྱུག་བཞིན་པའི་གཞན་གྱི་རིག་གནས་ལྟར་དེང་རབས་ཀྱི་བང་རྩལ་ངོམ་མི་ཐུབ་པས་ལུས་ཡིན། ཅི་སྟེ་ང་ཚོ་གཞུང་སྒེར་གྱི་ཚོགས་པ་གང་ཞིག་གི་ལས་སྣེ་གསར་བསྡུད་བྱེད་སྐབས་ལས་ཀ་དང་མཐུན་པའི་ཤེས་ཡོན་ཅན་ཞིག་བསྐོས་ཐུབ་ན་གཞི་ནས་མི་རིགས་དེས་སྔོན་ཐོན་གྱི་འཚོ་ལམ་སྙེགས་ཐུབ་པ་མ་ཟད་རིག་གནས་དེའང་དེང་རབས་ཅན་དུ་འགྱུར་བ་ཞིག་མཐོང་ཐུབ། རྒྱལ་སྤྱིའི་འགྱུར་འགྲོས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་བྱེད་པའི་ཀླད་ཚད་མེད་ན་རང་གི་བཀག་པའི་ས་མིག་དེ་གཞན་ལ་མཁོ་སྤྲོད་བྱ་དགོས། རང་དབང་རླུང་འཕྲིན་ཁང་ཞེས་པའི་རང་དབང་ནི་དོན་དངོས་འགྱུར་བཞིན་པའི་གནས་ཚུལ་དག་རྒྱལ་ཁྲིམས་ཀྱིས་བཀག་རྒྱ་མེད་པར་རང་དབང་གི་ཐོག་ནས་གསན་སྒྲོན་བྱེད་ཆོག་པར་ཞིག་གོ་དགོས་པ་ལས། གང་ཟག་སྒེར་གྱི་བྱུང་རྒྱལ་དུ་སྨྲ་བར་ཆོག་པའི་རང་དབང་ཞིག་ལ་ངོས་འཛིན་བྱེད་མི་ཆོག། བློ་གཟུ་བོ་མེད་པའི་གསར་འགོད་པ་ཞིག་ཡིན་ན་དེས་གཙོ་སྐྱོང་བྱེད་པའི་ལན་ཚན་དེ་ཡང་ཕྱོགས་གཏམ་ཞིག་ཏུ་འགྱུར་བར་བཤད་ཅི་དགོས། བོད་རྒྱ་འབྲེལ་ལམ་གྱི་གཏམ་གླེང་ཚེ་གཙོ་སྐྱོང་ཀརྨ་རྒྱ་མཚོ་ཡིན་པ་དང་བགྲོ་གླེང་བྱ་ཡུལ་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་གཏན་འབེབ་ཐོག་འཇམ་དབྱངས་ནོར་བུ་ལྟར་ཆག་སླེབས་ཀྱིན་ཡོད། གཏམ་གླེང་གི་སྙིང་དོན་ནི་བོད་རྒྱ་འབྲེལ་ལམ་དེར་བཙན་བྱོལ་གཞུང་ངོས་ནས་ལྟ་བ་འཛིན་ཕྱོགས་མི་འགྲིག་པ་དང་བཀའ་ཤག་གིས་གིས་མཛད་ཚུལ་མི་ལེགས་པའི་སྐོར་སོགས་རང་མགོ་ཐལ་བླུག་གི་གནས་ཚུལ་མང་དག་ཅིག་འགྲེལ་བརྗོད་བྱེད་པ་ལས། དགྲ་བོའི་སྙིང་ལ་ཟུག་པའི་ཚིག་མདའ་གཅིག་ཀྱང་འཕང་བ་ད་བར་མ་ཐོས་ཤིང་། དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷག་པའི་རང་གིས་ལམ་ཕྱོགས་གསར་སྤེལ་བྱེད་ནས་དེའི་དགེ་མཚན་གླེང་བ་ཡང་ཐོས་མྱོང་མེད། ལེགས་ཉེས་གང་ཡིན་མཇུག་འབྲས་མ་ཐོན་བར་དུ་བཤད་ཚོད་མི་ཐུབ་ཀྱང་། དབུ་མའི་ལམ་ནི་བོད་གཞུང་དམངས་གཉིས་ཀྱིས་མང་གཙོ་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་ལས། བཀའ་བློན་ཁྲིད་པ་སྒེར་གྱིས་འཛིན་པའི་ལམ་ཕྱོགས་ཤིག་མིན་ན་དབུ་མའི་ལམ་ལ་བསྟོད་པའི་ཆོ་ལོ་དང་སྨོད་པའི་ཞན་ཚིག་དེ་དག་བཀའ་བློན་ཁྲིད་པ་སྒེར་གཅིག་གི་འཁྱེར་ག་ལ་ནུས། འཇམ་དབྱངས་ནོར་བུ་ནི་རྟ་བརྒྱ་ལ་རུ་འགྲོ་དུས་བོང་བུ་ཐུར་ལོག་བྱེད་པའི་དཔེ་བཞིན་དུ་ཁ་མང་ལག་སྟོང་གི་རིག་ཆད་ཅིག་ཡིན་པ་ལས་མཁས་འཇོན་གཉིས་ལྡན་གྱི་དཔའ་འཛམས་ཞིག་མཐོང་མི་ཐུབ། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་ནི་འོད་མདངས་བྲལ་བའི་ནུབ་ཀྱི་ཉི་མ་བཞིན་དུ་བསྐོས་པའི་ལས་ལ་བྱེད་པའི་རྗེས་མི་ཐོན་ཞིག་ཡིན་ན། སྨྲ་བའི་གཏམ་ལ་བདེན་པའི་འོད་སྣང་འཚེར་བ་ཞིག་ཡོང་ག་ལ་ཐུབ། འདིར་སྨྲས་པ། རིག་དཔྱད་རལ་གྲི་མཁའ་ལ་མ་ཕྱར་བར། །ལྟར་སྣང་བློ་ཡི་མདུད་པ་གྲོལ་ཐབས་དཀའ། །བདེན་པའི་ཚིག་གི་འབྲུག་སྒྲ་མ་སྒྲོག་པར། །ཁྱི་རྒན་རྒྱ་བོའི་མུ་ཅོར་རྫོགས་ཐབས་བྲལ། །