ཁུ་བྱུག་དམར་པོ།

ཚུལ་གསུམ་གྱི་ཉི་མས་གསོ་བའི།།

ལུང་རིག་གི་འདབ་བརྒྱ་གྲོལ་ཚེ།།

འཁོར་འདས་ཀྱི་ཚིག་ལ་མ་ཆགས།།

ཏིང་འཛིན་གྱི་གནས་སུ་འཕུར་ནས།།

བདེན་སྟོང་གི་ཤོག་སྒྲོ་བརྐྱང་ཞིང་།།

སྒྲིབ་གཉིས་ཀྱི་སྤྲིན་རུམ་གཏོར་དང་།།

འོད་གསལ་གྱི་མཁའ་དབྱིངས་ངོས་ན།།

མཛེས་སྡུག་གི་འཇའ་མཚོན་བཀྲ་ཡོང་།།

རིགས་དྲུག་གི་གདུང་བར་གཟིགས་ནས།།

དམ་ཆོས་ཀྱི་གསུངས་དབྱངས་བསྒྲོག་དང་།།

སྐལ་བཟང་གི་བུ་སློབ་མང་པོས།།

བདེ་སྐྱིད་ཀྱི་དཔྱིད་དཔལ་རོལ་ཡོང་།།

སྐྱེས་རབས་ཀྱི་ས་འཛིན་བརྒྱུད་ནས།།

མཁའ་ཁྱབ་ཀྱི་འགྲོ་བ་སྐྱོང་དང་།།

ཐུགས་བསྐྱེད་ཀྱི་རེ་སྨོན་འགྲུབ་ནས།།

འཁོར་སྡུག་གི་མུན་པ་དྭངས་ཡོང་།།