འབར་མའི་འོས་བསྡུའི་སྒྲིག་གཞི་ལ་ངོ་རྒོལ།

འཛོམས་ཀྱིས་ཚོགས་འདུ་ཞིག་འཚོགས་ཡོད་པ་དང་།  སྐབས་དེར་རྒྱལ་ཁབ་དེ་དག་གི་འཐུས་མི་ཚོས། སླེབས་ལ་ཉེ་བའི་འབར་མའི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་དམིགས་ནས། འབར་མའི་དམག་གཞུང་གིས་འོས་བསྡུའི་བཅའ་ཁྲིམས་གསར་བཟོ་བྱས་ཡོད་པ་དེས། འབར་མའི་མང་གཙོའི་ལམ་ལུགས་ཐད་སྙན་གྲགས་ཆེ་བའི་ལྕམ་ཨང་སན་སུས་ཅེ། འོས་གཞིའི་ནང་འཛུལ་ཞུགས་མི་ཐུབ་པའི་ཆེད་དུ་ཡིན་པས། འབར་མའི་དམག་གཞུང་དེ་མང་གཙོའི་ལམ་ལུགས་ཅན་དུ་བསྒྱུར་བར། རྒྱལ་ཚོགས་ཀྱིས་འབད་བརྩོན་གནང་བཞིན་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་གྲོས་འཆམ་བྱུང་ཡོད་འདུག
དེ་ཡང་རྒྱལ་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་བྷན་ཀི་མུན་མཆོག་གིས་ཚོགས་འདུ་གྲོལ་རྗེས་གསར་འགོད་པ་ཚོར། འབར་མའི་དམག་གཞུང་གིས་འོས་བསྡུའི་སྐོར་གྱི་བཅའ་ཁྲིམས་གསར་པ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དེས། ཡུལ་དེའི་ཆབ་སྲིད་བཙོན་པ་ཚོས་འོས་བླུགས་མི་ཆོག་པ་དང། འོས་གཞིའི་ནང་ཞུགས་མི་ཆོག་པ་བཟོས་ཡོད་པའི་དམིགས་ཡུལ་གཙོ་བོ་ནི། ལྕམ་ཨང་སན་སུས་ཅེ་སོགས་ལ་འོས་ཆོས་མི་ཚང་བ་བཟོ་རྒྱུ་དེ་རེད། རྒྱལ་ཚོགས་དང་ངའི་ངོས་ནས་སེམས་འཚབ་ཆེན་པོས། འབར་མའི་དམག་གཞུང་ལ། ཆབ་སྲིད་བཙོན་པ་དང་དམིགས་སུ་བཀར་ནས་ལྕམ་ཨང་སན་སུས་ཅེ་མཆོག་ལ། འོས་གཞིའི་ནང་འཛུལ་ཞུགས་ཀྱི་རང་དབང་ཆ་ཚང་མ་སྤྲད་ན། རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་དྲང་བདེན་གྱི་འོས་བསྡུ་ཡིན་པར་ངོས་འཛིན་བྱེད་ཐབས་བྲལ་བ་ཞིག་རེད་ལ། རྒྱལ་སྤྱིའི་ཐོག་ནས་འོས་བསྡུའི་བཅའ་ཁྲིམས་གསར་པ་དེ་ལ་ངོ་རྒོལ་ཤུགས་ཆེ་བྱེད་ཀྱི་ཡོད་རེད་ཅེས་བརྗོད་ཡོད་ཅེས་དང་།
སྔོན་དུས་འབར་མའི་འོས་བསྡུ་ཆེན་མོའི་སྐབས་ལྕམ་ཨང་སན་སུས་ཅེ་ལ། བརྒྱ་ཆ་༨༠ བརྒལ་བའི་འོས་ཤོག་ཐོབ་ཡོད་པས་འཛམ་གླིང་ནང་འོས་ཐོབ་ཀྱི་གྲངས་འབོར་མང་ཤོས་ཆགས་ཡོད་ན་འང། སྐབས་དེར་འབར་མའི་དམག་གཞུང་གིས་དབང་ཤུགས་ཀྱིས་སྲིད་དབང་འཛིན་ཐུབ་མེད་པ་དང། ད་ཐེངས་ཀྱི་འོས་བསྡུ་འདིར་ལྕམ་ཨང་སན་སུས་ཅེ་མཆོག་འཛུལ་ཞུགས་ཐུབ་ན། འབར་མའི་མང་གཙོ་ཚོགས་པར་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་རྒྱུར་རེ་བ་ཆེན་པོ་ཡོད་རུང། རྒྱ་ནག་གཞུང་གིས་འབར་མའི་དམག་གཞུང་ལ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཚོགས་སོགས་ཀྱིས་འབར་མའི་ནང་སྲིད་ཀྱི་ལས་དོན་ལ་ཐེ་གཏོགས་བྱེད་དབང་མེད་ལུགས་བརྗོད་བཞིན་ཡོད་པ་དང་། ད་ལྟའི་སྐབས་དབྱིན་གཞུང་དང་འབྲེལ་ཡོད་ཕྱོགས་མཐུན་རྒྱལ་ཁབ་ཁག་གིས། རྒྱལ་ཚོགས་སུ་འབར་མའི་དམག་གཞུང་ལ་ཤུགས་རྐྱེན་སྤྲོད་དགོས་པའི་གཏམ་གླེང་མང་པོ་བྱེད་ཀྱི་ཡོད་ཀྱང་། དེ་ཙམ་ནུས་པ་ཐོན་གྱི་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།