༧གོང་ས་མཆོག་ཆུ་མོ་གངྒཱ་གཙང་བཟོའི་ལས་འགུལ་དུ་ཞུགས་པ།

གོང་ཚེས་ཉིན་༧གོང་ས་མཆོག་གིས་དབུས་བྷི་ཇེ་པིའི་དཔོན་རིགས་ཡིན་པ་རྒྱ་གར་གྱི་སྲིད་བློན་གཞོན་པ་ཟུར་པ་སྐུ་ཞབས་ཨེལ་ཀེ་ཨ་དྷི་ཝ་ནི་མཆོག་དང་ཨུ་ཏར་ཁན་མངའ་སྡེའི་བློན་ཆེན་ར་མི་ཤཱི་སོགས་ལྷན་ཞུགས་གནང་ཡོད་པ་རེད། མཛད་སྒོའི་ཐོག་ྋགོང་ས་མཆོག་གིས་བཀའ་སློབ་གནང་དོན། འཛམ་གླིང་གི་ས་ཕྱོགས་མང་པོའི་ནང་དེང་སང་ཆུ་མི་འདང་བའི་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་འཛམ་གླིང་འདི་བདག་གཅེས་བྱེད་རྒྱུ་གལ་ཆེན་པོ་ཡིན། དེ་བཞིན་ང་ཚོས་ངེས་པར་དུ་འབྱུང་འགྱུར་གྱི་མི་རབས་རྣམས་ལ་བསམ་གཞིགས་བྱེད་དགོས། ཨེ་ཤ་ཡའི་གླིང་ཕྲན་ནང་ཡོད་པའི་གཙང་ཆུ་དེ་དག་ལ་བརྟེན་ནས་མི་ས་ཡ་མང་པོ་འཚོ་བ་སྐྱེལ་བཞིན་ཡོད། དེར་བརྟེན་གཙང་ཆུ་དེ་དག་ལ་དམིགས་བསལ་གྱི་བདག་གཅེས་བྱེད་དགོས་པ་ཞིག་ཡིན། ཨེ་ཤ་ཡའི་ནང་གི་གཙང་ཆུ་མང་པོ་ཞིག་གི་འབྱུང་ཁུངས་དེ་བོད་ཆགས་ཀྱི་ཡོད་པར་བརྟེན། གཙང་ཆུ་དེ་རིགས་ལ་ངེས་པར་དུ་བདག་གཅེས་དགོས་པ་ཞིག་ཆགས་ཡོད། ཚ་དྲོད་དབང་གིས་མཐོ་སྒང་བོད་ཀྱི་གངས་རི་བཞུར་ནས་ཁོར་ཡུག་ལ་འཕོ་འགྱུར་ཤུགས་ཆེ་འགྲོ་ཡི་ཡོད་ཅེས་གསུངས་ཡོད་པ་རེད།
མུ་མཐུད་བཀའ་སློབ་གནང་དོན། སྤྱིར་བཏང་དཔལ་འབྱོར་དེ་གལ་ཆེན་པོ་རེད། དཔེ་ཤག་དེ་གལ་ཆེན་པོ་རེད། དེ་དང་ཕྱོགས་མཚུངས་ཆོས་དེ་ཡང་གལ་ཆེན་པོ་རེད། དེའི་རྒྱུ་མཚན་ལས་སླ་པོ་རེད། གང་ཡིན་ཟེར་ན། ང་ཚོ་ལ་ཕྱིའི་གཟུགས་པོ་ཞིག་དང་ནང་སེམས་ཤིག་ཡོད་པ་རེད། ཕྱིའི་གཟུགས་པོ་དེ་སྐྱིད་པོ་ཡོང་བ་ལ་རྩ་བའི་དཔལ་འབྱོར་དེ་གལ་ཆེན་པོ་ཡིན་ཡང། ནང་སེམས་ཀྱི་བདེ་བ་དེ་དཔལ་འབྱོར་གྱིས་ཡོང་བ་ཞིག་མ་རེད། སྤྱིར་བཏང་དཔལ་འབྱོར་ཡོད་མཁན་ཚོས་ང་སྐྱིད་པོ་ཡིན་སྙམ་པའི་ཚོར་བ་ཞིག་ཡོང་གི་ཡོད་ཀྱང། དེ་གནས་སྐབས་ཀྱི་བདེ་བ་ཞིག་རེད། ངས་ངོ་ཤེས་པའི་མི་དཔེ་ཤག་དུང་ཕྱུང་མང་པོའི་བདག་པོ་དེ་འདྲས་སེམས་སྐྱིད་པོ་མི་འདུག་ཟེར་གྱི་འདུག དེར་བརྟེན་ནང་སེམས་ཀྱི་བདེ་བ་དེ་སོ་སོ་རང་གིས་བསམ་བློ་གཏོང་སྟངས་ནས་ཡོང་གི་ཡོད་དུས་ཆོས་ཀྱི་བསླབ་བྱ་དེ་དག་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ལྷག་པར་དུ་ད་ལྟའི་དུས་སྐབས་འདིར་འགྲོ་བ་ཀུན་ལ་དགོས་པའི་ཞི་བདེ་དང་བྱམས་དང་སྙིང་རྗེ་ཟེར་བ་དེ་ཚོ་དུས་དང་མཐུན་པ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
ཕྱོགས་མཚུངས་༧གོང་ས་མཆོག་གིས་ཚན་རིག་པ་ཁག་གཅིག་གིས་བོད་འདི་འཛམ་གླིང་ཐོག་གི་འཁྱགས་རོམ་ཨང་གསུམ་པ་རུ་བརྩིས་ཡོད་སྐོར་དང། བོད་ཀྱི་ཁོར་ཡུག་ལ་རྒྱ་ནག་གཞུང་ནས་བདག་གཅེས་དགོས་པའི་སྐོར། གཞན་ཡང་༧གོང་ས་མཆོག་གིས་རྒྱ་གར་ཧིན་དྡུའི་བླ་ཆེན་གཙོས་ཆོས་ལུགས་ཀྱི་མི་སྣ་དང། ཆབ་སྲིད་ཀྱི་མི་སྣ་གལ་ཆེན་འཛོམས་པའི་གོ་སྐབས་དང་བསྟུན། རྒྱ་གར་གྱི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དང། འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ལག་ལེན་བཟང་པོ་དེ་སོ་སོའི་རྒྱལ་ཁབ་ཙམ་དུ་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ཏུ་འཕེལ་རྒྱས་གཏོང་དགོས་པའི་བཀའ་སློབ་ཀྱང་གནང་ཡོད་པ་རེད། དེ་བཞིན་མཛད་སྒོའི་ཐོག་བླ་ཆེན་སཱ་མི་རཱམ་ཌིབ་ཇི་ལགས་ཀྱིས་སྣེ་ཁྲིད་དེ་ཆུ་བོ་གངྒཱ་གཙང་མ་ཉར་རྒྱུའི་དམ་བཅའ་ཞིག་ཀྱང་བཞག་ཡོད་པ་རེད་འདུག །