དགའ་བར་འོས་པའི་སྤོ་ལོ་འགྲན་བསྡུར།
སྒེར་ལ་མཚོན་ན་དེ་སྔོན་གཞོན་ལྷན་གྱི་གོ་སྒྲིག་འོག་གི་སྤོ་ལོ་འགྲན་རྩོད་ཅིག་ནང་གངས་སྐྱིད་བུད་མེད་རུ་ཁག་ཅིག་ཏུ་འཛུལ་བཞུགས་བྱས་པ་དང༌། དངོས་སུ་འགྲན་བསྡུར་སྐབས་ཁ་གཏད་ཕྱོགས་ཟློས་གར་གྱི་མཛེས་མ་ཚོས་ང་ཚོའི་དཔུང་ཁག་ལས་ཆེས་སྔོན་མཐོན་གྱིས་ཕལ་ཆེར་སྤོ་ལོ་ཐོབ་གྲངས་གཉིས་དང་བཅུ་གྲངས་ཀྱི་བསྡུར་ཚད་ཀྱིས་ཧེ་བག་ཤོར་བའམ་ང་ཚོར་ཕམ་ཁ་སྤྲད་བྱུང་ཡང༌། ང་རང་ལ་མཚོན་ན་སྤོ་ལོ་འགྲན་བསྡུར་ཆེད་དུ་ཞོགས་དགོང་གི་དུས་ཚོད་ནང་བུད་མེད་གཞན་དང་ཕན་ཚུན་ངོ་ཤེས་དང་འགྲོགས་འབྲེལ་བྱུང་བ་ནི་དུས་ཡུན་རྒྱལ་ཕམ་གྱི་ཚོར་བ་ལས་དགའ་བར་འོས་པའི་གོ་རིམ་ཞིག་ཏུ་སེམས་བཞིན་ཡོད།
སྐབས་དེར་བུད་མེད་ཀྱི་སྤོ་ལོ་དཔུང་ཁག་ལྔ་དྲུག་ཙམ་འདུས་ཡོད་ཚོད་ཡིན་ལ། དེའི་ནང་དུ་བུད་མེད་འགའ་ནི་ལོ་ཚད་རྒན་གཞོན་ལ་མ་ལྟོས་པར་ལུས་གཟུགས་བདེ་ཐང་དང་སྤོ་ལོའི་རྩལ་ཡང་ཧ་ཅང་ལེགས་པོ་འགའ་ཤས་འདུག དེང་སང་ངའི་བསྡོད་གནས་ཁོར་ཡུག་ཉེ་འགྲམ་དུ་གཞུང་ཞབས་ཀྱི་ཕོ་གཞོན་མོ་གཞོན་གཙོས་རིགས་མཐུན་གཞོན་སྐྱེས་མང་དག་ཅིག་གཅིག་མཚུངས་ཀྱིས་གུ་དོག་པོའི་འཚོ་བའི་ཁོར་ཡུག་ནང་བསྡོད་ཡོད་པར་མཐོང་ཞིང༌། དེ་མིན་ཞོགས་དགོང་དུས་སུ་རེ་འགའ་ཡིས་དགོན་པ་དང་དཔེ་མཛོད་ཁང་སྐོར་བ་འགྲོ་བ། ཡང་ན་གྲོགས་ཕོ་མོའི་ཁྱིམ་རེར་འདུས་ནས་ཤར་ལྷོ་ནུབ་བྱང་གི་གནས་ཚུལ་ཡོངས་ལ་བཤད་གླེང་འདྲ་འཐེན་བཞིན་པ་སོགས་ཕལ་ཆེར་གྱི་འཚོ་བའི་གོ་རིམ་ལྟར་སྣང་ལ། ད་དུང་རྒྱུན་ལྡན་གྱི་འཚོ་བོ་ནི་ཆེས་ཉོབས་སྣང་གི་རྒྱུད་རིམ་ཞིག་ཡིན་པར་ངས་ཚོར་གྱི་ཡོད། འོན་ཀྱང་ད་ཐེངས་ཀྱང་སྤོ་ལོ་འགྲན་རྩོད་ནང་བུད་མེད་ཀྱི་རུ་དཔུང་མེད་ཚོད་གླེང་དུས་སླར་ང་རང་ཚུད་པའི་བུད་མེད་རྣམས་ལ་སེམས་ཀྱི་འཁང་ར་སྦྲགས་ཉོབས་སྣང་ཏོག་ཙམ་ཡང་སྐྱེས་བྱུང༌།
སྤྱིར་ན་ཡུལ་གྱར་གྱི་ཁོར་ཡུག་གང་སར་རྩེད་རིགས་འགྲན་རྩོད་སོགས་ལུས་སྦྱོང་གི་ཁོར་ཡུག་ནི་ཅུང་གུ་དོག་པོ་ལྟར་སྣང་ལ། རྡ་ས་ཁོར་ཡུག་ལ་མཚོན་ན། རྒྱུད་སྟོད་དགོན་ནས་ནོར་གླིང༌། གངས་སྐྱིད་ནས་མེག་ལོག་། རྡ་སྟིང་ཁྱིམ་སློབ་དབར་ལག་རྩེད་དང་རྐད་རྩེད་སྤོ་ལོ་ཐང་འགའ་ཡོད་ཀྱང༌། རྒྱུན་གཏན་ལྟར་དེར་འདུས་ནས་སྦྱོར་བརྡར་བྱེད་མཁན་ནི་ཉུང་ཉུང་ཡིན་པ་མ་ཟད། ལང་ཚོ་དང་གཟུགས་ཕུང་སྐྱེ་འཕེལ་གྱི་གོ་རིམ་བརྒྱུད་བཞིན་པའི་ན་གཞོན་ཚོར་མཚོན་ན་དེ་ནི་དངོས་གནས་རང་ངོས་ཀྱི་འདོད་མོས་ལྟར་རྩེད་རིགས་གདམ་ཁ་ཆོག་པའི་ཕྱོགས་ཉུང་བའམ་ཁོར་ཡུག་དབེན་པར་བརྟེན། འཚོ་བའི་ཁྲོད་དུ་ཁ་ཉུང་ཞིང་ངོ་གདོང་ལ་རྣམ་འགྱུར་ཉམས་པ། སྤྲོ་སེམས་འཁོར་ས་མེད་སྟབས། རིམ་གྱིས་དུ་ནག་སྤྱོད་ཅིང༌། བག་མེད་ཀྱི་རྣམ་གཡེང་ཕྱོགས་སུ་འདེད་བཞིན་པ་ནི་ལས་འཇུག་ཡོད་མཁན་ཚོས་ཀྱང་ལས་ཞོར་གྱི་བྱ་འགུལ་སྣ་ཚོགས་རོལ་ཆོག་པའི་ཁོར་ཡུག་མེད་པའི་རྐྱེན་གྱིས་རེད་སྙམ་ལ། དེའང་ཡིད་མུག་དགོས་པའི་ཕྱོགས་ཀྱང་རེད། དེ་ལྟར་བསམ་བཞིན་དེ་སྔོན་གྲོགས་པོ་ཞིག་གིས་རྒྱ་གར་དམག་མི་རྣམས་ལྷོད་བསྡོད་བྱེད་པའི་དུས་ཚོད་མེད་ཅིང༌། ལས་འཇུག་འདྲ་མིན་དགོས་པར་བཤད་ལ། དེའང་ལྷོད་བསྡོད་དམ་ཡང་ན་སྒྱིད་ལུག་གི་དུས་ཚོད་མང་པོ་ཡོད་ན་གང་ཟག་སྒེར་གྱི་གཟུགས་ཕུང་ལ་གནོད་པ་མ་ཟད། དཔོན་དམག་ཚོས་བསམ་བློ་ནང་མི་དྲན་དགུ་དྲན་མང་དྲག་ནས་ཆབ་སྲིད་ཀྱི་གཡོ་སྒྱུ་དེ་འདྲའང་བློ་ལ་ཤར་ཏེ་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་གྱེན་ལངས་ཡོང་བའི་ཉེན་ཁ་ཡོད་སྐོར་བརྗོད་པར་དྲན་བྱུང༌། ཕྱིགས་གཅིག་གི་གནས་སྟངས་དེ་ལྟར་ཡིན་སྲིད་ཀྱང་ཕྱོགས་གཞན་ནས་ལུས་སྦྱོང་གི་རྩེད་རིགས་སྣ་ཚོགས་ནི་བཟང་ལུགས་ཀྱི་གོམས་གཤིས་ཡིན་པ་མ་ཚད། མིའི་ཚེ་སྲོག་ནི་འགུལ་སྐྱོད་ལ་རག་ལུས་ཅེས་པའི་གཏན་ཚིག་ཀྱང་ངེས་དོན་དུ་རྟོགས་ཡོང༌།
དེ་མིན་ང་ཚོའི་ཡུལ་གྱར་གྱི་ཁོར་ཡུག་ནང་རྟག་ཏུ་ལུས་སྦྱོང་དང་རྩེད་རིགས་ཀྱི་རྣམ་གྲངས་ཧ་ཅང་ཉུང་ཉུང་ཡིན་པ་མ་ཟད། རྒྱུན་དུ་ལུས་སྦྱོང་གི་གོམས་གཤིས་ཀྱང་ཆེར་རྒྱུན་འགྱམས་མེད་པའི་རྐྱེན་གྱིས་བསམ་བློ་གུ་དོག་པོའི་གཞོན་སྐྱེས་རིགས་ཀྱི་ཚོགས་སྡེའང་དུ་ནག་སྤྱོད་པ་དང༌། དེ་མིན་བག་མེད་ལོངས་སྤྱོད་ཀྱི་བྱ་བ་ངན་པར་གཡེང་འགོ་བརྩམས་པའི་དུས་ཚོད་མང་པོ་བྱུང་ཡོད་པར་གཏན་འཁེལ་བ་ལྟར་རེད། ངས་རྒྱུན་གཏན་ངོ་གདོང་ལ་གཞོན་ནུའི་དུས་ཀྱི་སྤྲོ་སྣང་མེད་ཅིང༌། ལོ་ངོ་ཉི་ཤུ་ཡས་མས་ཙམ་ལས་མིན་ཡང་རྒས་འཁོག་ལྟ་བུའི་རང་རིགས་ཀྱི་ཕོ་མོ་ན་གཞོན་ཚོའི་ངོ་བོ་མཐོང་ཐེངས་རེར་སེམས་ནང་འགོག་མི་ཐུབ་པའི་སྐྱོ་ཤུགས་གཅིག་རང་བཞིན་གྱིས་བློ་ལ་འཆར་ཡོང་གི་འདུག དེ་ནི་སྤྱི་ཚོགས་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་རེད།
འོན་ཀྱང་དེང་དུས་གངས་སྐྱིད་སྤོ་ལོ་ཐང་སྟིང་དུ་འགྲན་རྩེད་པ་ཚོས་ཧུར་བརྩོན་གྱི་རྣམ་པ་མཐོང་རྒྱུ་འདུག་ལ། སྐབས་འགར་འགྲན་རྩོད་པ་ལས་ཚོར་ཤུགས་རྣོ་བའི་ལྟད་མོ་བ་ཚོས་མཚམས་རེར་དགའ་སྣང་གིས་ལག་པ་རྡབ་པ་དང༌། སྐབས་རེར་བྲེལ་འཚུབ་ལངས་ནས་ངར་སྐད་རེའང་ཤོར་བཞིན་པའི་རྣམ་འགྱུར་དེ་དག་ནི་ང་རང་གི་མིག་ངོར་མཛེས་སྡུག་གི་རི་མོ་ཞིག་དང་མཚུངས་སོ།
འདི་ལྟར་དགའ་བར་འོས་པའི་ལག་རྩེད་སྤོ་ལོའི་འགྲན་རྩོད་ནས་འཕྲོས་ཏེ་བསམ་བློ་ཡར་མར་བསྐོར་གྱིན་པའི་སྐབས་སུ་སླར་རིགས་མཐུན་ཡུལ་གྱར་བ་ཚོས་ཡུལ་འཁྱམ་གྱི་ལོ་ཟླ་སྐྱུར་མོ་སྐད་ཅིག་ཉིད་དུ་རྫོགས་ཐབས་མེད་ཀྱང༌། འཛམ་གླིང་སྤྱི་མཚུངས་ཀྱི་འགྲོས་ལྟར་ང་ཚོའི་རྒན་གཞོན་ཕོ་མོ་སུ་ཡིན་ཡང་ཡིད་ལ་སྤྲོ་སྣང་དང་སེམས་ཤུགས་སྤར་ཐུབ་པའི་ལུས་རྩལ་འགྲན་རྩེད་སོགས་སྣ་འཛོམས་ཡོད་ན་དགའ་བ་ལ་བསམ་ལ། གཞུང་ཞབས་ཀྱི་གཞོན་སྐྱེས་ཚོ་གཙོས་ཡུལ་གྱར་ན་གཞོན་ཚོས་སྒེར་གྱི་འདོད་མོས་དང་བསྟུན་ནས་ཚད་ལྡན་གྱི་ལུས་སྦྱོང་ཆེད་ལས་འདྲ་མིན་ནང་བློ་རྩལ་དང་ཁྱད་ཆོས་འཚོལ་ཏེ་རྒྱལ་སྤྱིའི་འབྲེལ་ཡོད་སྡེངས་ཆའི་ཐོག་ནས་ཀྱང་བོད་པ་ཚོས་ལག་རྩལ་སྤོ་ལོ་དང་རྐད་རྩེད་སྤོ་ལོ། སྒྲོག་རྩེ་སྤོ་ལོ་སྣ་ཚོགས་དང་དབྱུག་པ་སྤོ་ལོ། མིག་མང་འགྲན་རྩེད་དང་དཀྱལ་རྩལ། རྒྱུག་ཤར་འགྲན་བསྡུར་དང་མཆོང་ལྡིང་གི་ལུས་རྩལ་རིགས་སྣ་ཚོགས་སུ་བཞུགས་ཏེ་རང་ངོས་ཀྱི་ཧུར་བསྐྱེད་ཀྱི་ནུས་སྟོབས་དང་བློ་རྩལ་ལ་བརྟེན་ནས་འཛམ་གླིང་ཐོག་རྩེད་རིགས་ཀྱི་ཕུལ་བྱུང་བའི་གངས་ཅན་པ་མང་ཙམ་མངོན་ཐུབ་ན་ཅི་མ་རུང་ཨང་སྙམ་བཞིན་ཚོར་ཤུགས་འདི་དག་ཡུལ་གྱར་རྡ་སའི་ཟུར་ཞིག་གི་ཁང་ཆུང་སྦུགས་ནས་ཤར་མར་སྤེལ་བའོ།
ཟླ་4ཚེས་6ཉིན་མཚན་མོར།