སློབ་གཙོ་གསུམ་གྱི་ལས་གནས་བསྐྱར་གསོའི་སླད་ཞི་བའི་ངོ་རྒོལ།

འདི་ལོའི་ཕྱི་ཟླ་༤ ཚེས་༣ བོད་ནང་གི་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་མཐོ་གསུམ་འཛིན་གྲྭ་ཁག་གིས་སྣེ་ཁྲིད་དེ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང། དེ་ནི་ཉེ་ལམ་རྒྱ་ནག་གཞུང་གིས་རྫོང་འདིའི་བོད་རིགས་སློབ་འབྲིང་གི་སློབ་གཙོ་དང་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་དང༌། སློབ་གཙོ་གཞོན་པ་རྡུང་ལེན་པ་རྡོ་རེད། སློབ་གཙོ་གཞོན་པ་ཆོས་སྐྱོང་ཚེ་བརྟན་རྣམས་གོ་གནས་ནས་ཕྱིར་ཕུད་བྱས་པར་བརྟེན། གོ་གནས་ཕྱིར་སྤྲོད་དགོས་པའི་རེ་འདུན་རྫོང་གི་དམར་ཕྱོགས་དྲུང་ཆེ་དང་རྫོང་དཔོན། དེ་བཞིན་འབྲེལ་ཡོད་རིམ་པར་སྔ་ཕྱིར་སློབ་མ་ཚོས་རེ་བ་བརྒྱབ་ཡོད་ཀྱང། སློབ་ཕྲུག་གི་རེ་འདུན་ལ་ངོས་ལེན་མ་བྱས་སྟབས་ཞི་བའི་ཡར་ལངས་བྱས་པ་ཞིག་ཡིན་འདུག
སློབ་ཕྲུག་ཚོས་ལས་གནས་ཕབ་པའི་སློབ་གཙོ་གསུམ་ལ་རྒྱ་གཞུང་གིས་ལས་གནས་བསྐྱར་གསོ་མ་བྱས་ཚེ་ཁོང་ཚོས་མུ་མཐུད་ངོ་རྒོལ་བྱ་རྒྱུ་ཡིན་པའི་ཐ་ཚིག་བསྒྲགས་ཡོད་འདུག་ལ། ད་ལྟའི་ཆར་སློབ་གྲྭ་དྲག་པོའི་དམག་དཔུང་གིས་ཡོངས་སུ་བསྐོར་ཏེ་ཕྱི་མི་ཐུག་འཕྲད་བྱེད་ཆོག་གི་མེད་པ་དང། དེ་བཞིན་རྨ་ཆུ་རྫོང་ཁོངས་ཀྱི་ཤང་ཁག་ཏུ་དམག་དཔུང་བཏང་སྟེ་འགྲུལ་བཞུད་ལ་བཀག་བསྡོམས་བྱེད་ཀྱིན་ཡོད་འདུག དམིགས་བསལ་དགེ་འདུན་པ་རྣམས་ཕྱོགས་འགྲུལ་སྐབས་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ངོ་སྦྱོར་དང༌། ས་གནས་མངགས་གཏོང་ཁང་ནས་དེའི་སྟེང་དམ་ཕྲུག་ཕབ་སྟེ་ཐོབ་ཐང་ལག་འཁྱེར་མཉམ་མེད་ཚེ་འགྲུལ་བསྐྱོད་ལ་བཀག་འགོག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག

ཟླ་༣ ཚེས་༢༦ ཉིན་མུ་ར་དགོན་གྱི་གྲྭ་གསུང་རབ་དང་དབལ་པཎ་ཤང་རྙིང་དགོན་གྱི་གྲྭ་ལེགས་བཤད་གྲགས་པ་གཉིས་རྨ་ཆུ་རྫོང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་ལ། ཕྱི་ཟླ་༣ ཚེས་༡༦ ནས་༡༧ ཙམ་ལ་རྨ་ཆུ་རྫོང་བོད་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཆོས་སྐྱོང་ཚེ་བརྟན་ཡང་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་གསང་བའི་ཐོག་འཛིན་བཟུང་བྱས་ཡོད་འདུག
ཕྱི་ལོ་༢༠༡༠ ཟླ་༣ ཚེས་༢༨ ཉིན་རྨ་ཆུ་རྫོང་བོད་སློབ་ཆུང་གི་བོད་ཡིག་དགེ་རྒན་དངུལ་རྭའི་སྟོབས་ལྡན་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་གློ་བུར་འཛིན་བཟུང་བྱས་ཡོད་འདུག
རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་དམའ་གཅིག་འཛིན་གྲྭའི་རང་ལོ་༡༧ ཡིན་པའི་སློབ་ཕྲུག་ཐུབ་ཉིའམ་ཐུབ་བསྟན་ཉི་མ་༽དང་དངུལ་རྭ་ནས་ཡིན་པའི་ཚེ་རིང་དོན་འགྲུབ་གཉིས་སློབ་གྲྭ་ནས་ཕྱིར་འབུད་ཀྱིས་འཛིན་བཟུང་བྱས་ཡོད་འདུག ཁོང་ཚོ་ཚང་མས་བོད་དོན་དང་འབྲེལ་བའི་ལས་དོན་བྱས་པར། རྒྱལ་ཁབ་གཏོར་བཤིག་གཏོང་མཁན་གྱི་ཉེས་མིང་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག།།
མཆན། གནས་ཚུལ་འདིའི་ནང་གི་ཁག་ཅིག་སྔོན་ནས་འདོན་སྤེལ་བྱས་ཟིན་ཀྱང། འདིར་ཕྱི་ཟླ་༣ པ་ནས་བྱུང་བའི་གནས་ཚུལ་ཁག་ཕྱོགས་བསྡོམས་བྱས་པ་ཡིན།