ཨ་རིའི་སློབ་ཡོན་ལས་གཞི་དེ་དྲག་གྲས་ཚོར་ཐོབ་ཀྱི་ཡོད་པ་རེད།
ཨ་རིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ངོ་སྤྲོད་གནང་དོན། ཨ་རིའི་སློབ་ཡོན་དེ་བོད་གཞུང་ཤེས་རིགས་ལས་ཁུངས་སུ་༡༩༨༨ ལོར་སྤྲོད་འགོ་ཚུགས་ཡོད་པ་དང། དེའི་དམིགས་ཡུལ་གཙོ་བོ་སྤྱི་ཚོགས་ཞབས་ཕྱི་ཞུ་རྒྱུའི་ཆེད་དུ་ཡིན་པས། ད་ལྟའི་བར་སློབ་མ་༣༦༤ ལ་སློབ་ཡོན་ཐོབ་ཡོད་པ་དང། དེའི་ནང་ནས་ད་ལྟའི་ཆར་བོད་གཞུང་དང་ཚོགས་པ་ཁག་གི་ནང་ལས་ཀ་བྱེད་མཁན་༡༢༥ ཙམ་དང། ཨ་རིར་སློབ་སྦྱོང་བྱེད་བཞིན་པ་༢༩ ཡོད། སློབ་ཟུར་༧ འདས་གྲོངས་སོང་ཟིན་པ་དང། ཁག་ཅིག་སློབ་མཐར་ཕྱིན་རྗེས་རྒྱ་གར་ནང་ཚུར་ཡོང་ནས་ལོ་ཁ་ཤས་རིང་ལས་དོན་བྱས་རྗེས་ཕར་ཕྱི་རྒྱལ་ཁག་ཏུ་ཕེབས་དགོས་བྱུང་བ་ཡང་འདུག སློབ་ཡོན་བླངས་རྗེས་མི་གྲངས་༧༠ ཙམ་རྩ་བ་ཉིད་ནས་ཚུར་ཡོང་ཡོད་པ་མ་རེད། སློབ་ཟུར་ཚོགས་པ་དེ་༡༩༩༩ ལོར་གསར་འཛུགས་ཀྱིས་ད་ལྟ་རྒྱུན་ལས་སྐབས་དྲུག་པ་དེ་ཆགས་ཡོད་པ་རེད། ཚོགས་པའི་ལས་ཀ་ཚང་མ་དྭང་བླངས་ཀྱིས་ཞོར་ལས་བྱེད་ཀྱི་ཡོད་པ་དང། ས་གནས་གང་ས་ནས་འབྲེལ་བ་བྱེད་བདེ་ཆེད་དྲ་རྒྱ་འདི་བཟོས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང།
བཀའ་བློན་ཐུབ་བསྟན་ལུང་རིགས་མཆོག་གིས་སློབ་ཟུར་ཚོགས་པ་དང་འབྲེལ་བའི་གསུང་བཤད་གནང་དོན། དུས་ཚོད་དང་མཉམ་དུ་འགྲོ་དགོས་དུས་དེང་སྐབས་ཡི་གེ་བྲིས་ནས་མི་རེ་རེ་བཞིན་དུ་གཏོང་སྡོད་རྒྱུའི་དུས་ཚོད་དེ་ཡོལ་ཚར་བ་འདྲ་རེད། དྲ་རྒྱའི་ཐོག་ཏུ་གནས་ཚུལ་བཀོད་བཞག་ནས། སོ་སོར་དགོས་པ་དེ་ཀློག་འགྲོ་ཡི་རེད། ཨ་རིའི་སློབ་ཡོན་ཚོགས་པའི་དྲ་རྒྱ་དེ་དེང་དུས་ཀྱི་དགོས་མཁོ་དང་འཚམས་པ་ཞིག་རེད། སློབ་ཐོན་པ་སྤྱི་ཚོགས་ནང་ཞབས་ཕྱི་བྱེད་མཁན་མང་པོ་འདུག དེ་ཚོ་ཡག་པོ་རེད། ང་ཚོར་མི་ཡོད་པ་རེད་དམ་ཟེར་དུས། མི་ཡོད་པ་རེད་མོད། ལས་ཀ་ཞིག་དམིགས་སུ་བཀར་ནས་བྱེད་མཁན་ཞིག་དགོས་ཀྱི་འདུག་ཅེས་མི་འཚོལ་སྐབས། དཀོན་པོ་ཆགས་བསྡད་ཡོད་པ་རེད། ཨ་རིའི་སློབ་ཡོན་ང་ཚོའི་དྲག་གྲས་ཚོར་ཐོབ་ཀྱི་ཡོད་པས། ཁོ་རང་ཚོ་ཕར་ཕེབས་ནས་སོ་སོའི་ཉིན་རེའི་འཚོ་བ་ལ་མགོ་འཁོར་བསྡད་ན། སྤྱི་ལ་གྱོང་རེད། སོ་སོ་སྒེར་ཡིནའང། མི་ཚེ་ཚང་མས་སྐྱེལ་གྱི་ཡོད་པ་རེད་མོད། མི་ཚེ་སྐྱེལ་སྟངས་དེ་རྣམ་དཔྱོད་ལྡན་པ་ཞིག་ཆགས་ཡོད་པ་མ་རེད། ཚུར་ཡོང་ནས་སོ་སོའི་སྤྱི་ཚོགས་ནང་ཞབས་ཕྱི་བྱེད་པ་དེ་རྩ་ཆེན་པོ་རེད། ༧སྐྱབས་མགོན་པོ་ཆེའི་ཞབས་ཕྱི་དང། བོད་གཞུང་ལ་ཞབས་ཕྱི་དེ་རེད། ཆོས་ཀྱང་དེ་རེད་བསམ་གྱི་འདུག ཚང་མས་བོད་ཀྱི་རྩ་དོན་ཐོག་ཏུ་ལས་ཀ་བྱེད་ཀྱི་ཡོད་པས། ཐུགས་རྗེ་ཆེ། དཀའ་ངལ་ཡོད་པ་ཁ་ཤས་གསུངས་སོང། ཚང་མས་ཚ་ཚ་འུར་འུར་དེའི་ཐོག་ལས་དོན་བྱས་ན། སྤྱི་ཚོགས་ཐོག་ཞབས་ཕྱི་རླབས་ཆེན་པོ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག སྤྱིར་བཏང་དཀའ་ངལ་ཡོད་པ་རེད་མོད། ཡང་ཡང་མཉམ་འཛོམས་བྱེད་ཐུབ་ན། དེའི་ཐོག་འབྲེལ་བ་ཡག་ཏུ་ཕྱིན། དེའི་ཐོག་ག་རེ་བྱེད་ཀྱི་འདུག་སྐད་ཆ་ཡོང་གི་རེད། བཞད་གད་སློང་བ་དང། རྩེད་མོ་ཚང་མ་ཡོང་གི་རེད། དེའི་སྐབས་གནས་ཚུལ་མང་པོ་ཞིག་ཡོང་གི་རེད། དོན་དག་གཅིག་གི་ཐོག་ཆེད་མངགས་འཛོམས་ན། དེ་རིང་གི་ཐོག་ཞེ་དྲག་བྱེད་ཐུབ་ཀྱི་མ་རེད། གནས་ཚུལ་མང་པོ་ཞིག་བཞད་གད་དང། རྩེད་མོའི་ནང་ནས་ཐོན་ཡོང་གི་རེད། གྲོས་གཞི་ཆེན་པོ་དེ་འདྲ་བཞག དུས་ཚོད་རིང་པོ་གཏོང་བ་དེ་འདྲ་དགོས་པ་མ་རེད། དེ་བཞིན་ཚོགས་པ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ལས་ཀ་བྱེད་བདེ་པོ་ཡོད་པ་རེད་ཅེས་དང། ཕྱི་རྒྱལ་ཁག་ཏུ་སློབ་སྦྱོང་བྱེད་མྱོང་མཁན་ཚོར་ཉམ་མྱོང་ཡག་པོ་ཡོད་པས། ལས་དོན་བྱེད་ཐུབ་པའི་སྐོར་སོགས་བླང་དོར་གསུང་བཤད་གནང་ཡོད་པ་རེད།།
