བོད་མིས་བོད་ཡིག་ལ་བཅིངས་པའི་བརྩེ་བ་ཆུང་དུ་འགྲོ་བཞིན་པའི་གནད་དོན།

དང་བོ་བྱེས་སུ་འཚར་ལོངས་བྱུང་བཞིན་པའི་བོད་མི་དག་གི་བོད་ཡིག་བཅིངས་པའི་བརྩེ་བ་ཆུང་དུ་འགྲོ་བཞིན་པའི་གནད་དོན་ནི། བྱེས་སུ་སྐྱེ་བའི་བོད་མི་དག་གིས་རང་ཉིད་ཀྱི་ལྟོ་གོས་དེ་སྲ་བརྟན་ཞིག་ཆགས་པར་འབད་བརྩོན་ཤུགས་ཆེར་བྱས་པ་ལས་བྱུང་གི་ཡོད། དེ་ནི་བོད་མི་རྒན་རབས་པ་དག་གིས་རང་རང་གི་མི་ཚེ་ནང་དུ་གཞན་ཡུལ་ནས་ལོ་ཟླ་བསྐྱལ་ནས་གཞན་ཡུལ་ནས་རང་ཁ་གསོ་དགོས་དུས། གཞན་མི་ལ་མི་བསྟུན་ཁ་མེད་ཀྱི་གནད་དོན་ཞིག་དང་འཕྲད་དུས། གཞན་མིའི་སྐད་ཡིག་ཤེས་རྒྱུ་དེ་ནི་གལ་ཆེན་པོ་ཆགས་པ་དང་། གཞན་མིའི་སྐད་ཡིག་ཤེས་པ་ཡིན་ན། གཞན་ཡུལ་ནས་འཚོ་བ་བསྐྱེལ་བར་སྟབས་བདེ་བ་དང་རང་གི་འཚོ་གོས་སོགས་ལ་དཀའ་ངལ་ཆུང་དུ་འགྲོ་བཞིན་པའི་གནད་དོན་དེ་ཡི་རྐྱེན་གྱིས་རང་གི་བུ་ཕྲུག་དག་ལ་ལྟོ་གོས་ཀྱི་དཀའ་ངལ་མེད་པར་བཟོ་བ་ལ་གཞན་གྱི་སྐད་ཡིག་སྤྱང་བ་དེ་ནི་ཐབས་ལམ་ཆེས་ཡག་ཤོས་ཡིན་པའི་བསླབ་བྱ་རྒྱག་ཚུལ་ནི། དབྱིན་ཡིག་ཡག་པོ་སྤྱོང་། འཚར་ལོངས་བྱུང་བ་ཡིན་ན་ཕྱི་རྒྱལ་དུ་འགྲོ་ཐུབ་པ་དང་རང་གི་འཚོ་གནས་སུ་དཀའ་ངལ་མི་ཡོང་བ་སོགས་འཚོ་གོས་ཀྱི་དཀའ་ངལ་སེལ་ཕྱོགས་ཀྱི་ཐབས་ལམ་དེ་ཉིད་གཅིག་བུ་ཡིན་པས་ལམ་སྟོན་བྱེད་ཀྱི་ཡོད་པ་དེ་ཡིན་ལ། ཕྱི་ལོག་གང་རུང་དུ་འགྲོ་ཐུབ་སོང་བ་ཡིན་ན། དེ་ནི་རང་གི་འཚོ་གོས་ཀྱི་དཀའ་ངལ་ནི་མེད་པར་ཆགས་ཀྱི་ཡོད་པར་འདོད་པ་དེ་ནས་བྱུང་གི་ཡོད།

བོད་ནང་གི་བོད་ཡིག་ལ་བཅིངས་པའི་བརྩེ་བ་ཆུང་དུ་འགྲོ་བའི་གནད་དོན་ནི། བོད་མི་དག་གིས་རང་རང་གི་བུ་ཕྲུག་དག་གིས་བོད་ཡིག་སྤྱང་ནས་ལས་ཀ་ཡང་ཡག་པོ་ཞིག་མི་རེག་པ་དང་ལས་ཀ་ཞིག་རེག་ཀྱང་དེ་ནི་དགེ་རྒན་དང་གྲྭ་བ་བྱེད་པ་སོགས་ལས་གཞན་པའི་ལས་ཀ་ཞིག་བྱེད་མི་ཐུབ་པར་འདོད་ཀྱི་ཡོད་པ་ལས། བོད་ཡིག་ལ་བཅིངས་པའི་བརྩེ་བ་ཆུང་དུ་གཏོང་བཞིན་ཡོད་པ་མ་ཟད། ཕྱོགས་གཞན་ཞིག་ནས་་བོད་ཡིག་སྤྱང་ནས་སློབ་གྲྭ་ཆེན་པོ་འགྲོ་ས་མེད་པ་དང་། བོད་ཡིག་གི་ལམ་ནས་ཆེད་ལས་སྤྱོང་ས་མེད་པ་དང་། བོད་ཡིག་གི་ལམ་ནས་ཚན་རིག་འཕྲུལ་ཆས་ཀྱི་ལས་ཀ་སོགས་བྱེད་ས་མེད་པའི་གནས་ཤིག་དུ་བསྐྱལ་ཡོད་པ་དེ་ཡི་གནད་དོན་གྱིས་བོད་མི་དག་གིས་རང་གི་སྐད་ཡིག་གིས་རང་གི་བུ་ཕྲུག་དག་གི་ལྟོ་གོས་སྲ་ཐག་ཐག་ཞིག་ཡོང་གི་མེད་པ་དེ་ནི་རྒྱའི་སྲིད་གཞུང་གིས་འགྲོ་ལུགས་ནི་རྒྱ་ཡིག་ཡག་པོ་ཞིག་མ་ཤེས་པ་ཡིན་ན། ཞིང་ཆེན་དང་གྲོང་བརྡལ་གང་དུ་བསྡད་ཀྱང་ལས་ཀ་མི་སྤྲོད་པ་སོགས་ལ་བརྟེན་ནས་བོད་མི་དག་རང་དབང་མེད་པར་ལས་མེད་དུ་བཅར་བཞིན་པ་དེ་དག་གི་གནས་ཚུལ་མཐོང་ནས་རང་གི་སྐད་ཡིག་ལ་བཅིངས་པའི་བརྩེ་བ་དེ་ཆུང་དུ་འགྲོ་བཞིན་ཡོད་པ་རེད།

ཁ་ཤས་ཤིག་གི་བོད་དུ་སློབ་འབྲིང་ཐར་ཕྱིན་ནས་བྱེས་སུ་རེ་བ་ཆེན་པོ་ཞིག་བརྒྱབ་ནས་བྱེས་སུ་ཡོང་ནས་ཆེད་ལས་ཀྱི་རིགས་ཤིག་བོད་ཡིག་གི་ལམ་ནས་སྤྱོང་འདོད་ཀྱི་སྐོམ་པ་ཆུ་འདོད་ལྟར་ཡོང་ན་ཡང་། དེ་དག་བྱེས་སུ་འབྱོར་ནས་བོད་ཡིག་གི་གོ་གནས་དང་བོད་ཡིག་གི་ཆེད་ལས་ཀྱི་ཁོར་ཡུག་བོད་ལས་ཀྱང་ཆུང་དུ་ཡོད་པ་མཐོང་ནས་སེམས་ཤུགས་རི་རབ་ལྟ་བུ་ཞིག་ཁུར་ནས་ཡོང་བ་དེ་ནི་བྱེས་སུ་ལོ་འགའ་འགོར་རྗེས་སུ། གཞི་ནས་ག་ལེར་ཡོད་པ་ནས་ཆུང་དུ་སོང་ནས། བྱེས་སུ་འབྱོར་མ་ཐག  ཁ་ཏ་དང་ངོ་ཤེས། ཉེ་དུ་དང་གཞུང་འབྲེལ་གྱི་མི་སྣ་སོགས་ལ་ཁ་མིག་ཡར་ལྟ་བྱེད་ས་དེ་དག་གིས་ཀྱང་བོད་ཡིག་ལས་གཞན་ཡིག་ལ་མཐོང་ཆེན་དང་གཞན་ཞིག་གི་ལམ་ནས་ལས་ཀ་བྱེད་བཞིན་ཡོད་པ་དང་། དེ་དག་གིས་ངག་ན་དུས་རྒྱུན་དུ་བོད་ཀྱི་རིག་གཞུང་ཟེར་ནས་གླེང་བཞིན་ཡོད་པ་ལས། དོན་དངོས་སུ་བོད་ཀྱི་རིག་གཞུང་ཟེར་བ་དེ་ནི་གླུ་གཞས་གཏོང་བ་དང་། ལྷ་མོ་འཁྲབ་པ། ཐང་ག་འབྲི་བ། ལྷ་སྐུའི་རིགས་འགྲེམ་ཚོང་བྱེད་བཞིན་པ་དེ་དག་གི་རྣམ་པ་ཞིག་ལས། བོད་མི་རིགས་ཀྱི་བོད་ཡིག་གི་རིན་གོང་ལ་ཆེ་རུ་འགྲོ་ཐབས་ཀྱི་ལམ་ཁ་ཞིག་བསྐྲུན་མེད་པ་དེ་ཡིན།

བྱེས་སུ་བོད་ཡིག་གི་ཁོར་ཡུག་ཞིག་ཡོད་པ་དེ་ནི་དགོན་སྡེ་ཁག་ཡིན་ཟེར་ན་མ་ཆོག་པ་མེད་ཀྱང་། དེ་ཡང་དེང་སང་བོད་ཡིག་གི་ཁོར་ཡུག་ནས་དབལ་འབྱོར་གྱི་འགྲན་རྩོད་ཀྱི་ལམ་དུ་ཞུགས་ཚར་བའི་ནད་ཚ་ཞིག་འགོས་དེ། དགོན་སྡེ་དག་གི་ནང་དུ་ཡང་རང་མགོ་ཐོན་པའི་བོད་ཡིག་ཤེས་མི་ཤེས་པའི་མཚམས་དེར། དབྱིན་ཡིག་ཤེས་པ་དེ་ནི་འཚོ་གོས་ཀྱི་དཀའ་ངལ་སེལ་ཕྱོགས་ཀྱི་ཐབས་ལམ་ཞིག་ཡིན་པར་སྙམ་ནས་ལོ་རེ་བཞིན། གདན་ས་ཁག་ནས་དབྱིན་ཡིག་ལ་དོ་སྣང་དང་བརྩེ་བ་ཆེ་རུ་འགྲོ་བའི་གྲངས་ཀ་ནི་ལོ་རེ་ནས་ལོ་རེ་མང་དུ་འགྲོ་བཞིན་ཡོད་པ་དང་། བོད་ཡིག་ལ་བཅིངས་པའི་བརྩེ་བ་དེ་ནི་ལོ་རེ་ལོ་རེ་ནས་ཆུང་དུ་འགྲོ་བཞིན་ཡོད་པ་རེད། གནད་དོན་འདི་ནི་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ནད་ཚ་ལས་བྱུང་བ་ཞིག་ཡིན། འོན་ཀྱང་། མི་ཟེར་བ་འདི་ལ་འཚོ་གོས་ཀྱི་དཀའ་ངལ་ནི་འཕྲད་དུ་མི་རུང་བ་ཞིག་ཡིན་ཡང་། ད་ལྟ་ང་ཚོ་བོད་མི་ཚོ་ནི་མི་རིགས་གཞན་དག་གི་གནས་སྟངས་དང་གཏན་ནས་མི་འདྲ་བར། རང་རང་གི་འཚོ་གོས་གཅིག་བུའི་ཆེད་དུ་བྱེས་སུ་བསྡོད་ཀྱི་མེད་པ་དེ་ནི་ཤེས་དགོས་པ་ཡིན་ལ། རང་གི་བུ་རྒྱུད་དག་ལ་རང་གི་འཚོ་གོས་ལས་ཀྱང་མི་རིགས་ཤིག་གི་འཆི་གསོན་གྱི་གནད་དོན་དེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དེ་ནི་དངོས་སུ་གོ་བརྡ་སྤྲོད་པའི་དུས་ཡིན་ལ། དུས་ཚོད་ཧ་ཅང་འཕྱི་མེད་ཀྱང་སྔ་བའི་ཚོད་དུ་མེད་པ་སྤུན་ཟླ་མི་ཉུང་བ་ཞིག་གི་སེམས་ཁོང་གི་ནད་ཚར་གྱུར་ཡོད་ངེས་ཡིན།

དེ་འདྲ་ཡིན་དུས། ད་ནི་འུ་ཅག་གིས་སྐད་ཤུགས་ཆེན་པོའི་སྒོ་ནས་བོད་མིས་བོད་ཡིག་ལ་ཆུང་བའི་བརྩེ་བ་དེ་ཆེ་རུ་གཏོང་བ་ལ་བོད་ཀྱི་མི་ཚང་རེ་ནས་རང་རང་གི་བུ་ཕྲུག་དག་གིས་ཅི་ནས་ཀྱང་མ་ཤེས་པར་ཐབས་མེད་པ་དེ་ནི་རང་གི་སྐད་ཡིག་ཡིན་པ་དང་། རང་གི་སྐད་དང་ཡི་གེ་མི་ཤིས་པའི་མི་དེ་ནི་བོད་མི་ཞིག་ཆགས་ཐབས་མེད་པའི་གོ་བརྡ་དངོས་དེ་སྤྲོད་དགོས་ཀྱི་ཡོད་པ་མ་ཟད། བོད་མི་གནས་ཡུལ་གྱི་དགོན་སྡེ་དང་གཞིས་གྲོང་། བོད་མིའི་གཉེར་བའི་སྒེར་གྱི་ཚོང་ཁང་དང་ཟ་ཁང་། གང་དུ་ཡིན་ཡང་སྒོ་བྱང་ཙམ་ཞིག་ཡིན་ཡང་བོད་ཡིག་གི་སྟེང་ནས་འབྲི་དགོས་པར་འབོད་སྐུལ་བྱེད་དགོས་པ་དང་། བོད་མི་དག་གིས་གཉེར་བའི་ཟ་ཁང་གི་ནང་དུ་ཟས་ཐོ་ཡིན་ཡང་གནས་ཡུལ་རྒྱ་གར་དུ་ཡོད་ཀྱང་། དབྱིན་ཡིག་དང་བོད་ཡིག་གཉིས་ཀའི་ཟས་ཐོ་འབྲི་བ་སོགས་བྱེད་དགོས་ཀྱི་ཡོད་ལ། ཐ་ན་གཞུང་འབྲེལ་དང་སྒེར་གྱི་ཚོགས་པ་ཁག་ནས་སྟོད་གོས་དང་གྱོན་གོས། ཆབ་བསྒྲགས་ཀྱི་ཤོག་ལེབ་གཅིག་ཡིན་ཡང་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་སྟེང་ནས་སྤེལ་དགོས་ཀྱི་འདུག ད་དུང་། ཚོགས་པ་སོ་སོའི་ལས་རྟགས་སྟེང་ན་བོད་ཡིག་མེད་པ་དེ་འདྲ་མི་ཉུང་བ་ཞིག་ཡོད་པ་དེ་དག་གིས་ཀྱང་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་དགོས་ཀྱི་ཡོད་པ་དེ་ནི་བཤད་མ་དགོས་པ་ཞིག་རེད།

འདི་ལྟར་བོད་ཡིག་གི་དར་ཆབ་ཤུགས་ཆེན་བྱེད་པ་དང་། ཐ་ན་སྒེར་ལ་རླངས་འཁོར་དང་འཕྲུལ་རྟ་སོགས་ཡོད་ན། དེ་ཡི་སྟེང་ལ་བོད་ཡིག་འབྲི་བ་སོགས། མདོར་ན་བོད་མི་རང་གི་གཉེར་འཁོའི་ཅ་དངོས་གང་ཞིག་སྟེང་དུ་ཡིན་ཡང་བོད་ཡིག་འབྲི་དགོས་ཀྱི་འདུག དེ་ལྟར་ལག་ལེན་དུ་བསྟར་ནས་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གཙོ་བའི་ཤེས་རིག་སྡེ་ཚན་ཁག་ནས་བོད་ཡིག་གི་ཆེད་ལས་པ་གསོ་སྐྱོང་བ་བྱེད་པའི་ཐབས་སུ་ནང་སྒྱུར་གྱི་སྡེ་ཚན་ཁག་ལ་སློབ་སྤྱོང་སྤྲོད་ཐབས་སོགས་བྱས་པ་ཡིན་ན། བོད་ཡིག་གི་སྟེང་ནས་ཆེད་ལས་པ་ཐོན་ངེས་ཡིན་ལ། བོད་མིས་བོད་ཡིག་ལ་བཅིངས་པའི་བརྩེ་བ་དེ་ཡང་ཆེ་རུ་འགྲོ་ངེས་ཡིན།