རྒྱ་ནག་གིས་མྱུར་སྐྱོབ་བྱེད་ཐུབ་མེད་པར་བློ་ཕམ་ཡོད།
ཟླ་འདིའི་ཚེས་༡༤ ཉིན་བོད་ནང་ཁམས་སྐྱེ་རྒུ་མདོ་སོགས་སུ་ས་ཡོམ་གྱི་གནོད་སྐྱོན་ཕོག་པའི་གནས་ཚུལ་ཐོས་པ་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མི་མང་གིས་སེམས་ཁུར་དང་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ།
ལྷག་པར་རྒྱ་ནག་གིས་གནོད་སྐྱོན་ཕོག་ཡུལ་ཁག་ཏུ་མྱུར་སྐྱོབ་དུས་ཐོག་ཏུ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་ཡང་བྱེད་ཀྱི་འདུག དེ་བཞིན་སེ་ར་བྱེས་ཀྱི་མཁན་རིན་པོ་ཆེ་དབུ་བཞུགས་ཐོག་དགེ་འདུན་པ་རྣམས་དང་། སེ་ར་སྨད་ཀྱི་དགེ་འདུན་པ་རྣམས། རྫོགས་ཆེན་དགོན། རྣམ་གྲོལ་གླིང་གི་དགེ་འདུན་པ་རྣམ་པ། ས་གནས་ལས་ཁུངས་ཁག་བཅས་ནས་ཕ་ཡུལ་བོད་དུ་ས་ཡོམ་གྱི་གནོད་སྐྱོན་ཕོག་ཡུལ་གྱི་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་སྔོ་སྨོན་གསུང་བཞིན་ཡོད་པ་རེད། སེར་སྨད་དགེ་སྐོས་ཀྱིས་དགེ་འདུན་འདུས་མང་གི་དབུས་སུ་བོད་དུ་ས་ཡོམ་བྱུང་བའི་གནས་ཚུལ་སྒྲོགས་སྦྱང་དང་བསྔོ་སྨོན་ཞུས་སོང་ལ། རྒྱ་ནག་གིས་བོད་དུ་ས་ཡོམ་གྱི་གནོད་སྐྱོན་བྱུང་ནས་ཆུ་ཚོད་བདུན་ཕྱིན་པའི་རྗེས་སུ་ཡང་མྱུར་སྐྱོབ་བྱེད་ཐུབ་མེད་པས་ལོ་སྔོན་མའི་སི་ཁྲོན་ས་ཡོམ་སྐབས་ཀྱི་གནས་ཚུལ་དང་བསྡུར་ན་བོད་ལ་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་མཐོང་ཚུལ་བྱུང་བས་བློ་ཕམ་ཆེན་པོ་ཡོད་ཅེས་གསུངས་སོང་། མེ་སོར་གསར་འགོད་པས་སེ་ར་ཆོས་སྒར་ནས།
