རྒྱ་མི་ཚོས་གཙོ་བོ་ཐིག་རྒྱག་པ་དང་པར་ལེན་གྱི་འདུག་ཟེར།
གྲྭ་ཐུབ་བསྟན་ཤེས་རབ་ཀྱིས་གསུང་དོན། ངའི་ནང་མི་ཁ་ཤས་གྲོངས་འདུག དེ་བཞིན་ཉེ་འབྲེལ་ཡང་མང་པོ་འདས་གྲོང་སོང་འདུག ངའི་སྤུན་ཟླ་འགའ་རེ་ལ་ཁ་པར་འགྲོ་གི་མི་འདུག། གནོད་སྐྱོན་ཐེབས་སར་རོགས་སྐྱོར་དམིགས་བསལ་ཡོད་ས་མ་རེད། གང་ཡིན་ཟེར་ན་ང་ཚོའི་ནད་པ་ཚོ་ཨ་ཞང་གཅིག་ཡོད་པ་དེའི་སྨན་ཁང་དུ་མར་ཁུར་མ་ཐུབ་ནས་དཀའ་ངལ་འཕྲད་ཀྱི་འདུག་ཟེར། ཁོང་ཚོས་རོགས་སྐྱོར་དགོས་པ་དང་༸སྐྱབས་མགོན་རིན་པོ་ཆེ་ས་ཁུལ་དུ་ཕེབས་པར་རེ་བ་བྱེད་ཀྱི་འདུག་ཅེས་མིག་མཐའ་མཆུ་མས་བརླན་བཞིན་འགྲེལ་བརྗོད་བྱས་སོང་།
དེ་བཞིན་གྲྭ་ཚེ་བཀྲ་ལགས་ཀྱིས་ཀྱང་། སྤྱི་ཡོངས་ནས་མི་མང་པོ་བསད་འདུག དམིགས་བསལ་ངའི་ཕ་ཡུལ་རག་ཤུལ་ལུང་པ་སྐྱེ་དགུ་ལ་ཐག་ཉེ་པོ་རེད། ང་ཚོའི་ལུང་པ་རང་ནས་ཕར་ཚུར་མི་བཞི་བརྒྱ་ཡས་མས་རྐྱེན་འདས་སོང་ཡོད་པ་ཐད་ཆོད་འདུག རྒྱ་ནག་གིས་རོགས་སྐྱོར་ཡང་བྱེད་ཡོང་བྱེད་ཡོང་ཟེར་བ་ཙམ་ལས་ཁ་ཐུག་བྱུང་ཡོད་ས་མ་རེད། དམག་མང་པོ་གཏོང་གི་ཡིན་བཤད་པ་ལས་དོན་དངོས་སུ་ཆུ་ཚོད་༢༤ རིང་ལ་དམག་མི་སུམ་བརྒྱ་བཞི་བརྒྱ་ཙམ་ལས་སླེབས་མི་འདུག་ཟེར། རོ་སྔོག་རྒྱུ་དེ་ཚོ་ས་ཁུལ་དེའི་གཡས་གཡོན་གྱི་དགོན་པའི་གྲྭ་པ་དེ་ཚོ་རེད་འདུག རྒྱ་མི་ཚོ་སླེབས་དུས་དང་པོ་རོ་སྔོག་མ་བཅུག་སྐབས་མཁན་པོ་ཞིག་གིས་ང་ཚོར་སྡུག་འདི་འདྲ་ཡོང་དུས་ང་ཚོར་སྔོག་མ་འཇུག་པ་ག་རེ་རེད། ཁྱེད་རང་ཚོས་སྔོག་གི་མི་འདུག མྱུར་སྐྱོབས་མ་བྱས་ན་མི་མང་པོ་ཤི་ཡི་ཡོད་རེད་ཅེས་ངོ་རྒོལ་དང་བཅས་གྱང་རོ་བསྔོགས་འདུག རོ་མང་པོ་རྙེད་འདུག སྐྱེ་དགུ་གྲོང་ཁྱེར་ནང་མི་ཁྲི་༡༣ ཡོད་པ་ལས་ཁྲི་གཅིག་ཙམ་ཤི་ཡོད་པ་ཐག་ཆོད་རེད་ཟེར་གྱི་འདུག ད་ལྟ་སྨན་བཅོས་དང་ཟས་གོས་ཀྱི་རོགས་སྐྱོར་དགོས་ངེས་ཆགས་འདུག ཅེས་སེམས་ཚོར་ཧ་ཅང་ཆེན་པོས་གསུངས་སོང་།
དེ་བཞིན་གྲྭ་ཚུལ་ཁྲིམས་ཐབས་མཁས་ལགས་ཀྱིས། གནོད་སྐྱོན་ཕོག་ཡུལ་ལ་རོགས་པ་བྱེད་མཁན་གཙོ་བོ་བོད་ཀྱི་དགེ་འདུན་པ་ཚོ་རེད་འདུག དེ་མིན་ཁུལ་དེའི་དམག་མི་གཅིག་པུ་ལས་བྱུང་མི་འདུག དེ་ཡང་དང་པོ་དགེ་འདུན་པ་ཚོར་རོ་སྔོག་མ་བཅུག་པའི་གནས་ཚུལ་བྱུང་འདུག དེ་ནས་དགེ་འདུན་པ་ཚོས་ང་ཚོ་ཤི་ན་ཤི། གང་ལྟར་སྔོག་གི་ཡིན་ཞེས་གྱང་རོ་སྔོག་སྐབས་མི་གསོན་པོ་ལྔ་ཙམ་རག་འདུག ཉིན་མཚན་ཁ་སྤྲེལ་ནས་ས་འོག་ནས་སྐད་བརྒྱབ་པ་ཚོར་གྱི་འདུག་ཟེར། གཙོ་ཆེ་བ་དགོན་པ་དང་དགེ་འདུན་པ་ཚོས་རོགས་སྐྱོར་དང་ལྟ་རྟོགས་བྱེད་ཀྱི་ཡོད་འདུག ཁང་པ་ཆེན་པོ་རེ་རེའི་འོག་ནས་ཕུང་པོ་བརྒྱ་དང་དྲུག་ཅུ་དེ་འདྲ་རྙེད་ཀྱི་འདུག་ཟེར། གནས་ཚུལ་འདི་ཚོའི་རིགས་གསར་འགྱུར་བརྒྱུད་ལམ་དུ་སྟོན་མི་ཐུབ་པའི་གནས་ཚུལ་རེད་གདའ། རྒྱ་མི་ཚོས་གཙོ་བོ་ཐིག་རྒྱག་པ་དང་པར་ལེན་པ་སོགས་བྱེད་ཀྱི་འདུག་ཟེར། བོད་པ་ཚོས་༸རྒྱལ་བ་རིན་པོ་ཆེ་སྨོན་ཐུགས་སྨོན་གནང་ཆེད་ཕེབས་ཀྱི་རེད་ཟེར་བ་དེ་འདྲ་གོ་འདུག ཁོང་ཚོས་མི་ཤི་ཚར་པ་དེ་ཚོ་ཚུར་གསོན་ཡོང་རྒྱུ་མེད་ན་ཡང་གསོན་པོར་ལྷག་ཡོད་པ་ཚོའི་སེམས་ཀྱི་སྡུག་བསྔལ་སངས་ཡ་ལ་རྒྱུའི་ཆེད་༸རྒྱལ་བ་རིན་པོ་ཆེ་ཕེབས་ཐུབ་པའི་རེ་བ་ཧ་ཅང་གི་ཤུགས་ཆེན་པོ་བྱེད་ཀྱི་འདུག ཅེས་མགྲིན་མཆུ་མས་མནངས་བཞིན་ཕ་ཡུལ་མི་མང་གི་དཀའ་སྡུག་དང་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱི་འདུག གོང་འཁོད་གྲྭ་པ་རྣམ་ནི་ས་ཡོམ་ཕོག་པའི་གོད་ཆག་འོག་རྐྱེན་འདས་སུ་གྱུར་པའི་ནང་མི་དང་གཉེན་ཉེ་ཁོ་ན་རེད་ལ། ཁོང་ཚོས་ཉིན་རེ་བཞིན་ཁ་པར་བརྒྱུད་ལམ་ནས་གནས་ཚུལ་རྒྱུས་ལོན་བྱེད་བཞིན་འདུག དེང་སྐབས་གནོད་སྐྱོན་ཕོག་པའི་མི་རྣམས་ལ་སྨན་བཅོས་འདང་ངེས་མེད་པས་ནད་པ་གྲོངས་བཞིན་ཡོད་པ་དང་། ཟས་གོས་དང་འདུག་གནས་མཐུན་རྐྱེན་མེད་པའི་དཀའ་ངལ་ཆེན་པོ་ཡོད་པའི་གནས་ཚུལ་འདུག
གྲྭ་ངག་དབང་སྟོབས་ལྡན་ལགས་ཀྱིས་ཕ་ཡུལ་ཀྱི་དཀའ་སྡུག་འོག་ཡོད་པའི་མི་མང་གི་ཚབ་བྱས་ནས་༸གོང་ས་མཆོག་ས་ཡོམ་གྱིས་གནོད་སྐྱོན་ཕོག་ཡུལ་དུ་གདན་འདྲེན་དགོས་པ་དང་དེ་ལ་རྒྱ་ནག་གཞུང་དང་རྒྱལ་སྤྱི་ནས་མཐུན་འགྱུར་རྒྱབ་སྐྱོར་དགོས་པ། རྒྱལ་སྤྱི་དང་ཚོགས་སྡེ་ཁག་གིས་རོགས་སྐྱོར་ཡོང་བའི་རེ་སྐུལ་དང་རྒྱ་ནག་གིས་ཕྱི་རོལ་ནས་རོགས་སྐྱོར་བ་སུ་འོང་ཚང་མ་གནོད་སྐྱོན་ཕོག་ཡུལ་ལ་གཏོང་དགོས་པ། གནོད་སྐྱོན་ཕོག་པའི་མི་མང་གི་དཀའ་ངལ་མྱུར་ཏུ་སེལ་དགོས་པ་བཅས་ཀྱི་དགོས་འདུན་དང་རེ་སྐུལ་བྱས་སོང་།
མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།