གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གསལ་བསྒྲགས།

ཕྱི་རྒྱལ་གྱི་གསར་འགོད་པ་གཅིག་གིས་སྐྱེ་དགུ་རང་ནས་འགྲེལ་བརྗོད་གནང་དོན་ལ་དགོན་པ་གཅིག་ཁོ་ནར་མིའི་ཕུང་པོ་ ༡༠༠༠ ལྷག་མིག་མཐོང་བྱུང་སྐོར་བརྗོད་ཡོད་པ་དང་།  བཙན་བྱོལ་ནས་འབྲེལ་ཡོད་ཀྱིས་བོད་སྐྱེ་དགུ་མདོ་ས་ཁུལ་དུ་ཐད་ཀར་ནང་མི་དང་སྤུན་ཉེ་ཁག་ལ་འབྲེལ་གཏུགས་ཀྱིས་ཤེས་རྟོགས་བྱུང་བ་ལྟར་ན་མི་གྲངས་བརྒྱད་སྟོང་ནས་གཅིག་ཁྲི་ལ་ཉེ་བ་འདས་གྲོངས་སུ་གྱུར་ཡོད་སྐོར་བརྗོད་པ་གསར་ལམ་ཁག་ཏུ་ཐོན་ཡོད་ལ།  དེ་བཞིན་ས་ཡོམ་གོད་ཆག་གི་དོན་རྐྱེན་ཁྲོད་སྲོག་ཐར་བྱུང་བའི་མང་ཚོགས་ལ་ཆུའི་དཀའ་ངལ་དང་།  ཟས་ཀྱི་དཀའ་ངལ།  སྨན་བཅོས་ཀྱི་དཀའ་ངལ།  སྡོད་སའི་དཀའ་ངལ་སོགས་ཛ་དྲག་གི་གནས་སྟངས་འོག་ཡོད་པ་ཕྱི་རྒྱལ་གསར་འགོད་པས་འགྲེལ་བརྗོད་གནང་འདུག་ལ་བོད་ནང་ནས་ཀྱང་དེ་མཚུངས་ཀྱི་གནས་ཚུལ་འབྱོར་བཞིན་འདུག  དེར་བརྟེན་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་ས་ཡོམ་གོད་ཆག་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ཛ་དྲག་གི་འབོད་སྐུལ་གསལ་བསྒྲགས་ཞུ་རྒྱུར།

དང་པོ།  རྒྱ་ནག་གཞུང་གིས་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་དང་།   རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་སྡེ་ཚན་ཁག  གཏོང་ཕོད་ཡངས་པའི་མི་སྣ་ཁག་བཅས་ཀྱིས་ཐེངས་འདིའི་ས་ཡོམ་གོད་ཆག་གི་དོན་རྐྱེན་ལ་ཛ་དྲག་གི་རོགས་སྐྱོར་གང་ཐུབ་ཡོང་བའི་འབོད་སྐུལ་བྱེད་བཞིན་ཡོད་ལ།  དེ་བཞིན་བོད་ནང་ནས་ཐེངས་འདིའི་ས་ཡོམ་གྱི་གོད་ཆག་ཕོག་པའི་ཉམས་ཐག་མང་ཚོགས་ཀྱིས་རྒྱ་ནག་གི་སྲིད་འཛིན་དང་།   སྲིད་བློན་གཉིས་ཀྱི་མཚན་ཐོག་ཏུ་རེ་སྐུལ་གནང་བ་ཡོངས་བསྒྲགས་བྱས་པའི་ནང་འཁོད་དོན།  ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ཁྲི་བཅུ་ཕྲག་ཁ་ཤས་ནས་ཁྱེད་ཏང་ཀྲུང་དབྱང་གིས་གནས་སྐབས་སུ་༧གོང་ས་ཏཱ་ལའི་བླ་མའི་བར་གྱི་སྔར་འཁོན་གཡུགས་ནས། ང་ཚོ་གོད་ཆག་ཐེབས་ཡུལ་གྱི་མི་དམངས་ལ་དགོངས་པ་རེ་བཞེས་རོགས་ཞེས་རེ་འདུན་སྙིང་ནས་ཞུ་བཞིན་ཡོད།  ཅེས་དང་།   ད་ཐེངས་༧གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་ང་ཚོར་བསྔོ་སྨོན་དང་སེམས་གསོ་མཛད་པ་ཁོ་ནས་ང་ཚོའི་སེམས་ཀྱི་རྨ་ཁ་སོས་ངེས་ཡིན་ལ། དེ་ལས་གཞན་གྱི་ཐབས་བཀོད་མཆོག་ཏུ་གྱུར་བ་ནི་གང་ཡང་མེད།   ང་ཚོ་གོད་ཆག་ཐེབས་པའི་མི་དམངས་ལ་བསྔོ་བ་སྨོན་ལམ་རེ་བྱེད་རེ་གཅིག་པུའི་ཆོས་ལུགས་དད་མོས་ཀྱི་ཕྱོགས་ནས་མ་གཏོགས་ང་ཚོར་དམིགས་ཡུལ་གཞན་ཅི་ཡང་མེད།  ཅེས་རེ་འདུན་ནན་པོ་ཞུས་འདུག་ལ།   ༧གོང་ས་མཆོག་གི་ངོས་ནས་ཕེབས་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་ན་ཉམས་ཐག་མི་མང་དེ་དག་གི་རེ་འདུན་བརྩིས་མེད་དུ་མི་གཏོང་བར་རྒྱ་ནག་གཞུང་ནས་མཐུན་འགྱུར་དང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱལ་ཁབ་ཁག་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།

གཉིས་པ།  ཐེངས་འདིའི་ས་ཡོམ་གྱི་དོན་རྐྱེན་ཁྲོད་ས་གནས་རང་གི་མང་ཚོགས་ཀྱིས་བརྗོད་བབ་དང་།   རྒྱ་ནག་གཞུང་འབྲེལ་གྱི་བརྗོད་ཚུལ་མི་མཐུན་པའི་གནས་ཚུལ་མངོན་གསལ་ཆགས་ཡོད་ལ།   དོན་དངོས་སུ་ས་གནས་སུ་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ལྷུང་ཡོད་པ་དང་།  ཉམས་ཐག་མང་ཚོགས་འདས་གསོན་དེ་དག་ལ་བདག་སྐྱོང་གང་འདྲ་ཐོབ་ཀྱི་ཡོད་པ་ཇི་བཞིན་ཤེས་རྟོགས་མེད་བྱེད་ཐུབ་ཀྱི་མེད།   དེར་བརྟེན་རྒྱལ་སྤྱིའི་རང་དབང་ལྡན་པའི་གསར་འགོད་པ་ཁག་གནས་ཚུལ་ལྷག་སའི་ས་གནས་སུ་ངེས་ཕེབས་ཡོད་པའི་འབོད་སྐུལ་ནན་པོ་ཞུ།

གསུམ་པ།   ཐེངས་འདིའི་ས་ཡོམ་གོད་ཆགས་ཀྱི་དོན་རྐྱེན་ལ་འདི་ནས་༧གོང་ས་མཆོག་དབུ་བཞུགས་ཀྱིས་བསྔོ་སྨོན་གསོལ་འདེབས་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་བྱས་དང་བྱེད་བཞིན་ཡོད་པ་ད་ལྟ་བོད་དུ་དཀའ་ངལ་མྱོང་བཞིན་པའི་ཉམས་ཐག་མང་ཚོགས་ལ་ཞུ་རྒྱུ་དང་།    ལྷག་པར་ད་ལྟ་དཀའ་ངལ་གྱི་ཁྲོད་དུ་ལུས་པའི་ཉམས་ཐག་མང་ཚོགས་ལ་ཆེ་ཆུང་དང་མང་ཉུང་ལ་མ་བལྟོས་པར་སེམས་གསོའི་དོད་དུ་ང་ཚོས་ཚོགས་པས་ཞལ་འདེབས་བསྡུ་རུབ་ཀྱིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་བོད་དུ་གཏོང་འཆར་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱིས་གང་ཐུབ་ཅི་ཐུབ་ཀྱི་ཞལ་འདེབས་རོགས་སྐྱོར་གནང་སྐྱོང་ཡོང་བ་ཞུ་བཞིན་ཡོད།

ཅེས་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།