སྙན་གྲགས་ཆེ་བའི་དབྱུག་རྩེད་སྤོ་ལོའི་རྩེད་འགྲན།

དེ་ཡང་ཟླ་འདིའི་ཚེས་༡༦ རྩེད་འགྲན་འགོ་བཙུགས་ཡོད་པ་དང། ཚེས་༡༧ ཉིན་༧གོང་ས་མཆོག་གིས་རྩེད་འགྲན་པ་ཡོངས་ལ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཇལ་ཁ་དང། བཀའ་སློབ་གནང་ཡོད་པ་རེད། ཚེས་༡༨ ཉིན་གྱི་ཕྱི་དྲོའི་རྩེད་འགྲན་སྐབས། ༧གོང་ས་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང། སྐབས་དེར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་མཆོག་ཀྱང་ཕེབས་ཡོད་པ་རེད། རྩེད་མོ་འགོ་འཛུགས་མ་བྱས་པའི་སྔོན་དུ། ༧གོང་ས་མཆོག་གིས་ཐང་དཀྱིལ་དུ་རྩེད་འགྲན་པ་རྣམས་ལ་འཚམས་འདྲིའི་མཇལ་དར་བསྩལ་ཡོད་པ་དང། དེ་ནས་རྩེད་འགྲན་པ་དང་འབྲེལ་ཡོད་ལས་བྱེད་ཚོ་དང་ལྷན་དུ་སྐུ་པར་བསྒྲོན་ཡོད་པ་རེད། སྐབས་དེར་བོད་མི་མང་པོ་ཞིག་གིས་རྒྱལ་དར་འཁྱེར་ནས་ལྟད་མོར་སླེབས་ཡོད་པ་དང། བོད་གཞུང་ཟློས་གར་ཚོགས་པས་བོད་ལུགས་གཡག་གི་འཁྲབ་སྟོན་ཡང་བྱས་ཡོད་པ་རེད།
རྩེད་འགྲན་པའི་ཁྲོད་ནས་ཕྱི་རྒྱལ་དང་རྒྱ་གར་གཉིས་ཀྱི་མི་ཡོད་པ་དང། དེ་བཞིན་རྩེད་འགྲན་དེའང་རྒྱ་གར་གྱི་ས་གནས་གང་སར་འགྲོ་ཡི་ཡོད་པ་རེད། རུ་ཁག་སོ་སོའི་སྦྱིན་བདག་རྣམས་རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེ་བའི་ཚོང་པ་དང། ལྟད་མོ་འཁྲབ་སྟོན་པ། ཆབ་སྲིད་མི་སྣ། གསར་འགོད་པ་སོགས་ཡིན་པ་དང་། རྩེད་འགྲན་རྒྱལ་ཕམ་གྱི་ཁྲོད་ནས་ཧིན་སྒོར་ཐེར་འབུམ་གྱི་བྱུང་སོང་ལ་ཁྱད་པར་བཟོ་ཡི་ཡོད་འདུག།།