ཀརྨ་པ་མཆོག་གི་ཐུགས་སྨོན་གསུང་བཤད།

དེ་ཡང་ཁོང་གིས། ཉེ་ཆར་བོད་ཁམས་ཡུལ་ཤུལ་ཁུལ་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིགས་པ་ཚབས་ཆེན་བྱུང་ནས། མི་མང་པོ་ཤི་རྨས་བྱུང་བ་དེ་བོད་ཀྱི་ལོ་རྒྱུས་ཐོག་ཧ་ཅང་གི་ཡིད་སྐྱོ་བའི་གནས་ཚུལ་ཞིག་དང་། བོད་མི་རིགས་ཚང་མ་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོ་བཙན་བྱོལ་ཁྲོད་དུ་ཡིན་ནའང་། སྐྱེ་རྒུ་མདོ་ནས་ཡིན་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་གྲྭ་ས་འགྲིམས་མཁན་སོགས་མང་པོ་ཞེ་དྲག་ཡོད་རེད། དེ་ཚོའི་ནང་ནས་ཁ་ཤས་ཀྱི་ནང་མི་ཚང་མ་འདས་གྲོངས་སུ་གྱུར་པ་དང། ཡང་ཁ་ཤས་ཀྱི་ཕ་མ་སྤུན་མཆེད་འདས་གྲོངས་སུ་གྱུར་པ་སོགས་བཀྲ་མི་ཤིས་པའི་གནས་ཚུལ་ཐབས་སྡུག་ཞེ་དྲག་བྱུང་འདུག དེ་འདྲའི་བཀྲ་མི་ཤིས་པའི་གནས་ཚུལ་གོ་མ་ཐག བྱེས་ལ་བཞུགས་པའི་༧གོང་ས་སྐྱབས་མགོན་པོ་མཆོག་གིས་གཙོ་བོར་གྱུར་པའི་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཀྱིས་ཐུགས་སྨོན་རྒྱ་ཆེན་པོ་གནང་བ་དང་ཆབས་ཅིག་ཏུ། གྲྭ་བཙུན་འདུས་སྡེ་ཡོངས་རྫོགས་ནས་དེ་དང་དེ་མཚུངས་མགྲིན་གཅིག་དབྱངས་གཅིག་གིས་བསྔོ་སྨོན་དང་མཆོད་འབུལ་སྐྱབས་འཇུག་རྒྱ་ཆེན་པོ་ཞེ་དྲག་གནང་ཡོད་པ་རེད།

ཡིད་སྐྱོ་བའི་གནས་ཚུལ་དེ་འདྲ་བྱུང་པའི་སྐབས་ལ་ཕྱོགས་གཅིག་ནས་འ་ཆད་འུ་ཐུག་གི་གནས་ལ་གྱར་ཡོད་པ་རེད་དེ། བོད་མི་རིགས་ལ་ལྷན་སྐྱེས་ཀྱི་དགེ་བའི་ནུས་པ་སེམས་རྒྱུད་ལ་ཡོད་བསྡད་པ་ཞིག་དང་། དེ་བཞིན་ལས་རྒྱུ་འབྲས་ཀྱི་སྐྱེ་འཆིའི་རང་བཞིན་ལ་རྒྱུས་ཡོད་བསྡད་པ་ཞིག་ཡིན་པས། གཞན་དང་མི་འདྲ་བའི་སྙིང་སྟོབས་དང་སེམས་ཤུགས་མི་ཆག་པའི་ཐོག་ནས་བསྡད་དེ། ཡག་པོ་ཞེ་དྲག་འདུག་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་སོང་བས་དེ་དག་ཧ་ཅང་གི་ཡག་པོ་རེད།

ལྷག་པར་དུ་བོད་ལ་ཡོད་བསྡད་པའི་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་ཚང་མས། གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་རོགས་རམ་གནང་བ་དང་། ཡང་སྒོས་དགེ་འདུན་པ་ཚོ་ས་གནས་ས་ཐོག་ལ་སོང་ནས་རོགས་རམས་དང་དུས་སའི་བྱ་བར་མཉམ་ཞུགས་མཛད་པ་དེ། ཧ་ཅང་གི་འགྲན་ཟླ་བྲལ་བ་དང་བསྔགས་བརྗོད་ཞུ་འོས་པ་སོགས་ཞེ་དྲག་ཡག་པོ་བྱུང་འདུག དེ་དག་ལ་བྱེས་ལ་ཡོད་བསྡད་པའི་བོད་མི་ཚང་མས་སྙིང་ནས་རྗེས་སུ་ཡི་རངས་ཞུ་ཡི་ཡོད། སྡུག་ཤོས་དེ་གཤིན་པོ་ཚེ་ལས་འདས་པ་དེ་དག་གློ་བུར་དུ་མི་བཟོད་པའི་འཇིགས་པའི་ཐོག་ནས་རྐྱེན་འདས་སུ་གྱུར་པ་ཡིན་དུས། དེ་དག་སྙིང་རྗེའི་ཡུལ་དང་ཡ་ང་བའི་གནས་ཆགས་བསྡད་ཡོད་རེད་དེ། གནས་ཚུལ་དེ་འཛམ་གླིང་ལ་ཁྱབ་བསྒྲགས་སོང་ནས་ནང་པ་ཙམ་དུ་མ་ཟད། ཁ་ཆེ་དང། ཡི་ཤུ་སོགས་ཆོས་ལུགས་ཚང་མས་སེམས་གཏིང་ནས་སྨོན་ལམ་དང་གདུང་སེམས་མཉམ་བསྐྱེད་གནང་ཡོད་པ་རེད། དེར་བརྟེན་འཛམ་གླིང་ཡོངས་རྫོགས་ཀྱི་དགེ་བའི་ནུས་པ་གཅིག་ཏུ་སྤུངས་ཡོང་དུས། རྐྱེན་འདས་སུ་སོང་བ་རྣམས་ཀྱང་དལ་འབྱོར་གྱི་རྟེན་བཟང་ཐོབ་ནས་མུ་མཐུད་དེ་དམ་པའི་ཆོས་ལ་ཉམས་ལེན་བྱེད་རྒྱུཡོང་བའི་ཡིད་ཆེས་བརྟན་པོ་ཡོད།

གསོན་པོ་ཤུལ་དུ་ལུས་པ་དེ་ཚོ་ཡིན་ནའང་འབྲེལ་ཡོད་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་གང་ཐུབ་ཐུབ་རོགས་པ་ཞེ་དྲག་བྱས་འདུས་པས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ལ། དེ་བཞིན་གོང་དུ་ཞུས་པ་ལྟར། མུ་མཐུད་ནས་འཁོར་བའི་རང་བཞིན་ཟེར་བ་དེ་འགྱུར་ཆོག་ཆོག་དང་ཞིག་ཆོག་ཆོག་ཡིན་དུས། དེའི་རང་བཞིན་མཐོང་པའི་ཐོག་ནས་སྡུག་བསྔལ་དང་དཀའ་ངལ་རྣམས་མགྱོགས་ནས་མྱུར་དུ་ཞི་ཐུབ་པ་དང། ལྷག་པར་དུ་ཞི་འཇམ་དང་ལྡན་པའི་འཚོ་བ་གསར་པར་ལོངས་སུ་སྤྱོད་ཐུབ་པའི་བསྔོ་སྨོན་མཚམས་སྦྱོར་དེ་འདྲ་ཞུ་ཡི་ཡོད། དེ་བཞིན་༧གོང་ས་མཆོག་གི་ཐུགས་བརྩེ་བ་ཆེན་པོས་བོད་འབངས་རྣམས་ཐུགས་ཀྱིས་མི་གཏོང་བའི་དགོངས་པ་ཆེན་པོ་བཞེས་ནས། བོད་ལ་ཕེབས་རྒྱུའི་དགོངས་པ་ཆེས་ཆེར་བཞེས་ཀྱི་ཡོད་རེད། གཅིག་བྱས་ན་རྟགས་དང་བརྟེན་འབྲེལ། ལས་སྨོན་ལམ་འཛོམས་ནས། ༧གོང་ས་མཆོག་རྐྱེན་ཆག་བྱུང་བའི་ས་ཁུལ་རྣམས་སུ་ཕེབས་ཐུབ་རྒྱུ་དང། དེ་འདྲ་མ་བྱུང་པ་ཡིན་ནའང་སྐུ་ཚབ་སྐྱེས་བུ་དམ་པ་དེ་འདྲ་ཕེབས་ཐུབ་པ་བྱུང་ན། བོད་མི་ཚོར་རྐྱེན་ཆག་སྒོ་བྱུང་བསྡད་པའི་སྐབས་སུ་སེམས་ནང་སོ་སོའི་ཡིད་ཆེས་དང་དད་པ་བྱེད་ས་ཆེ་ཤོས་དེ་མཇལ་འདོད་ཀྱི་རེ་བ་ཆེན་པོ་ཡོད་བསྡད་པ་དེ་གསལ་པོ་ཞེ་དྲག་རེད། དེར་བརྟེན་ང་ཚོ་བོད་མི་ཚང་མའི་ངོས་ནས་གཞིས་ལ་བཞུགས་པའི་བོད་མི་ཚོའི་ལུས་དང་སེམས་ཀྱི་སྡུག་བསྔལ་མྱུར་དུ་ཞི་བ་དང། བདེ་སྐྱིད་དང་ལྡན་པའི་འཚོ་བ་གསར་པར་ལོངས་སུ་སྤྱོད་ཐུབ་རྒྱུ་དང་། གཞིས་བྱེས་གཉིས་སུ་བོད་མི་ལྷན་འཛོམས་ཡོང་བའི་སྨོན་ལམ་ཞུ་ཡི་ཡོད་ཅེས་གསུངས་སོང།

{jcomments on}