རང་བཙན་ལས་འགུལ་སྤེལ་ན་ཆོག་མཆན་མེད་པར་གསོད་ཆོག

དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་ཨ་རིའི་ཨི་པཱོ་ཆི་དུས་བབས་གསར་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་ས་ཁུལ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་བྱུང་སར། ཡུལ་དེའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་༤༠༠༠༠ མ་ཟིན་ཙམ་མྱུར་སྐྱོབ་ཀྱི་ལས་དོན་བསྒྲུབ་སར་ཕེབས་ཡོད་པ་དང། དེ་ནས་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཕུང་པོ་མེར་བསྲེག་སྐབས། དགེ་འདུན་པ་རྣམས་ལྷན་འཛོམས་ཀྱིས་བསྔོ་བ་སྨོན་ལམ་རྒྱ་ཆེན་པོ་གནང་ཡོད་ཅིང། སྐབས་དེར་རྒྱ་ནག་གཞུང་ཕྱོགས་ནས་དགེ་འདུན་པ་ཚོས་སྔོན་ལྟར་བོད་རང་བཙན་གྱི་ལས་འགུལ་སྤེལ་དོགས་ཀྱིས། ཡུལ་དེར་དམག་མི་སྟོང་ཕྲག་མང་པོ་བཏང་ནས། གལ་སྲིད་ཕོ་མོ་སུ་འདྲ་ཞིག་གིས་རྐྱེན་ངན་གྱི་གོད་ཆག་དེ་དང་བསྟུན་ནས། བོད་རང་བཙན་གྱི་ལས་འགུལསྤེལ་མཁན་བྱུང་ན། དེ་མ་ཐག་མེ་མདའ་བརྒྱབ་ནས་གསོད་པ་ལས། ལུགས་ལྟར་གཞུང་གི་ཆེས་མཐོའི་དཔོན་རིགས་རྣམས་ཀྱི་ཆོག་མཆན་སྒུག་མི་དགོས་ཅེས་བརྗོད་ཡོད་པ་རེད།

ཟླ་འདིའི་ཚེས་༢༠ ཉིན་རྒྱ་མིའི་དམག་མི་ཞིག་གིས་གསར་ཁང་འདིའི་གསར་འགོད་པར། ས་ཡོམ་གྱི་གནོད་འཚེ་ཕོག་སའི་ས་ཁུལ་དུ། ཕོ་མོ་སུ་འདྲ་ཞིག་གིས་བོད་རང་བཙན་གྱི་ལས་འགུལ་སྤེལ་ན། གཞུང་གི་ཆེས་མཐོའི་དཔོན་རིགས་ཚོའི་ཆོག་མཆན་མེད་པའི་ཐོག་ནས། དེ་མ་ཐག་མེ་མདའ་བརྒྱབ་ནས་བསད་ཆོག་པའི་ཆོག་མཆན་ཐོབ་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད་པ་དང། དེ་བཞིན་དགེ་འདུན་པ་རྣམས་ཚེས་༢༠ ཉིན་རྒྱབ་ཕྱི་དྲོའི་ཆུ་ཚོད་༤ སྔོན་ནས་ཕྱིར་ལོག་བྱེད་དགོས་པའི་བརྡ་ཁྱབ་བཏང་བ་དང། ཡང་འགའ་རེ་ལ་ཉིན་གྲངས་ཚད་བཅད་ཀྱིས་ལོག་དགོས་པའི་བརྡ་ཁྱབ་བཏང་ཡོད་འདུག

དེ་བཞིན་གསར་ཁང་དེས་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱི་ས་ཡོམ་སྐོར་གྱི་ཆེད་རྩོམ་ལུང་འདྲེན་བྱས་ཡོད་པའི་ནང། རྒྱ་ནག་དམར་ཕྱོགས་ཚོགས་པའི་དཔོན་རིགས་ཚོས། ༧ཏཱ་ལའི་བླ་མ་མཆོག་ས་ཡོམ་གྱི་གོད་ཆག་བྱུང་སའི་ས་ཁུལ་དེར་ཕེབས་དོགས་ཀྱི་འཇིགས་སྣང་ཡོང་གི་ཡོད་པ་དང།  དེ་དང་འབྲེལ་ནས་གྲྭ་མང་གིས་མི་མང་ལ་སྐུལ་མ་གཏོང་དོགས་ཀྱིས་འཇིགས་སྣང་ཡོང་གི་ཡོད་པས། དེང་སྐབས་ས་ཁུལ་དེར་དམག་གི་རླངས་འཁོར་འགྲོ་ཐེངས་གཅིག་ལ། བཅོ་ལྔ་དང་ཉི་ཤུ་བྱས་ནས་འགྲོ་ཡི་ཡོད་རེད་ཅེས་བརྗོད་ཡོད་པ་རེད།།