དྲག་ཆར་བབས་ཏེ་མི་ལྔ་རྐྱེན་ལམ་དུ་སོང་འདུག
དེ་ཡང་ཟླ་འདིའི་ཚེས་༢༢ ཉིན་མཚོ་སྔོན་བརྙན་འཕྲིན་ཁང་གི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༢༠ ཉིན་གྱི་དགོང་མོ་ས་རུབ་མཚམས་སུ་རྨ་ཆུ་རྫོང་ལ་མཐོང་དཀོན་པའི་དྲག་ཆར་ཆེན་པོ་རྒྱུན་ཆད་མེད་པར་ཆུ་ཚོད་གསུམ་ཙམ་གྱི་རིང་ལ་འབབ་པའི་རྐྱེན་གྱིས། ཆུ་ལོག་བརྒྱུགས་ཏེ་མགོན་ཆུའི་འགྲམ་རྒྱུད་ཀྱི་ཁང་པ་མང་པོ་བསྣུབས་པ་དང་། རྫོང་མཁར་དང་དེའི་མཐའ་འཁོར་གྱི་སྡེ་བར་གནོད་པ་ཚབས་ཆེན་ཐེབས་ཡོད་པས་མ་ཚད། མི་གྲངས་༥ རྐྱེན་ལམ་དུ་སོང་ཡོད་པ་དང། རྫོང་ཡོངས་ཀྱི་སྒྲིག་བཀོད་དང་ཆུ་འདོན། གློག་འདོན། གློག་འཕྲིན་དྲ་བ། ཟམ་པ། ལམ་སོགས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་འདུག
དྲག་ཆར་ལྷན་དུ་ཆུ་ལོག་གིས་ཁང་གྱང་སྟོང་གཅིག་ལྷག་བསྣུབས་པ་དང། ཕྱུགས་ཟོག་བརྒྱ་ལྷག་ཆུ་ལོག་གིས་འཁུར། གནོད་འཚེ་ཐེབས་པའི་མི་གྲངས་ཁྲི་གཅིག་དང་སྟོང་གཉིས་ལ་བསླེབས་འདུག ས་གནས་དེ་དང་འབྲེལ་ཡོད་ལས་བྱེད་པ་དང་བཅའ་སྡོད་དམག་དཔུང་གནོད་འཚེ་ཐེབས་སར་སོང་ནས། རོགས་སྐྱོར་སོགས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པ་དང། ད་ལྟའི་སྐབས་ས་གནས་དེའི་མི་མང་ལ་སྡོད་གནས་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། །