གནོད་ཕོག་མི་མང་འཁྱག་ལྟོགས་གིས་མནར་བཞིན་ཡོད་འདུག
བླ་གྲྭ་དག་ཕྱིར་བསྐྲད་སོང་། སྲིད་གཞུང་གི་འཐབ་ཕྱོགས་གཅིག་གྱུར་པུའུ་ནས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོབ་བྱེད་བཞིན་པའི་དགེ་འདུན་པ་རྣམས་རང་ས་ན་ཕྱིར་ལོག་བྱ་དགོས་པར་བཤད། ད་དུང་ནན་པོའི་སྒོ་ནས་བཤད་དོན། “ཁྱོད་ཚོས་ག་རེ་ཡིན་ན་བྱས་སོང་། ཧ་ཅང་གིས་ཐལ་དྲགས་པ་རེད། ད་མྱུར་མགྱོགས་ཀྱིས་སོ་སོའི་ས་གནས་སུ་ཕྱིར་ལོག་རྒྱུགས། དེ་མིན་ན། རྙོག་གྲ་ཡོང་གི་རེད་”ཟེར། ལས་བྱེད་པ་ཞིག་གིས་དགེ་འདུན་པ་ཚོར་བརྗོད་དོན། ད་ལྟ་བདེ་སྲུང་གི་དམག་དཔུང་སྐྱེ་རྒུ་རུ་འཛོམས་ཚར་འདུག་ཟེར། སྲིད་གཞུང་གིས་འཇིགས་སྣང་བསྐུལ་བ་ལ་བརྟེན་ནས། ད་ཆ། གནོད་ཕོག་ས་ཁུལ་ཆེས་ཐོག་མར་འབྱོར་མཁན་གྱི་དཀར་མཛེས་ས་ཁུལ་སེར་ཤུལ་རྫོང་སེར་ཤུལ་དགོན་པའི་དགེ་འདུན་པ་བརྒྱ་ཕྲག་འགའ་ཤས་གནོད་ཐེབས་ས་ཆ་ནས་ཁ་མ་བྲལ་རང་བྲལ་ཆགས་ཡོད་པས། ཕྱིར་ལོག་བྱ་རྒྱུའི་མགོ་རྩོམ་བཞིན་འདུག།།
གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ཡོང་རྫོགས་ནང་དུ་དམག་གི་རོགས་སྐྱོབ་དང་། པར་རིས། གནས་ཚུལ་རྐྱང་རྐྱང་ཡིན་པ་ལས། དགེ་འདུན་པ་ཚོས་མི་སྲོག་སྐྱོབ་པའི་གནས་ཚུལ་གཡོལ་གྱི་ཡོད་པ་འདི་ཅི་རེད། འདི་སྐོར་གནོད་ཐེབས་མི་དམངས་ནང་མ་རངས་པའི་བསམ་འཆར་གླེང་གིན་ཡོད་པ་རེད། དགེ་འདུན་པ་ཚོས་ད་དུང་བཤད་རྒྱུར། ལུང་དགུའི་ས་འགུལ་གྱི་གནས་ཚུལ་སྤེལ་གཏོང་བྱེད་པའི་སྐབས་སུ་ཕྱི་ཕྱོགས་ཀྱི་དང་བླངས་རོགས་སྐྱོབ་པའི་སྐོར་དྲིལ་བསྒྲགས་བྱས་པ་རེད། ཡིན་ནའང་། ཡུལ་ཤུལ་གྱི་ས་ཡོམ་སྐབས་དང་བླངས་གྲྭ་པ་ཚོར་སྣང་མེད་གཏོང་དགོས་པའི་རྒྱུ་རྐྱེན་ཅི་ཞིག་རེད། ཅིའི་ཕྱིར་དུ་ང་ཚོ་གླེང་གི་མེད་པ་རེད་ཟེར།
ཕྱོགས་སོ་སོ་ནས་རོགས་སྐྱོབ་ཅ་དངོས་སྐྱེ་རྒུ་མདོར་འབྱོར་ཡོད་ན་ཡང་།གནོད་ཐེབས་མི་དམངས་ཀྱི་ལག་པར་སླེབས་རྒྱུར་ནུས་པ་ཐོན་མེད་ལ། ཧ་ཅང་གི་ཟང་ཟིང་ཆགས་ཡོད་པ་རེད། ཕྱོགས་གཅིག་ན། གུར་དང་བཟའ་བཅའ་རི་ལྟར་སྤུངས་ཡོད་པ་དང་། ཕྱོགས་གཞན་ཞིག་ན། གནོད་ཕོག་མི་དམངས་འཁྱག་ལྟོགས་གིས་མནར་བཞིན་ཡོད་འདུག
