སེམས་གསོ་ཚིག་གསུམ།

ཡུལ་ཤུལ་ས་ཡོམ་བརྡབ་གསིག་བཏང་པ་དེར༎

བན་དེ་བདག་ནི་ཡིད་སེམས་རབ་ཏུ་སྐྱོ༎
ཡུལ་གྱིས་བསྐལ་བས་བྱ་ཐབས་མེད་ན་ཡང༌༎
སེམས་གསོ་ཚིག་གསུམ་འདི་ནས་ཁྱེད་ལ་བསྲིངས༎
བཀྲེས་སྐོམ་འཇིགས་སྐྲག་ཅི་བྱ་ཐབས་མེད་ཀྱིས༎
ས་ཕག་རྡོ་ཞིབ་དུ་མས་འོག་རོལ་ནས༎
ངལ་དུབ་སྡུག་བསྔལ་མྱོང་ཚུལ་སེམས་པའི་ཚེ༎
ཨ་ཙི་ང་རང་ཡིན་ན་ཇི་ལྟར་བྱ༎
སྙིང་རྗེའི་སེམས་ཀྱིས་ཁྱེད་ཚོར་དམིགས་པའི་ཚེ༎
པ་སྤུ་ལྡིང་ཞིང་མིག་ནས་མཆི་མ་བསྙིལ༎
པད་དཀར་འཛིན་པར་གསོལ་བ་འདེབས་བཞིན་དུ༎
མ་ཎི་ཡིག་དྲུག་བཟླས་ནས་ཁྱེད་ཚོར་བསྔོས༎
སེམས་པ་མ་སྐྱོ་ཡུལ་ཤུའི་བོད་རིགས་ཚོ༎
བོད་པ་ཚོང་མ་སྐྱིད་སྡུག་མཉམ་མྱོང་ཡིན༎
ཁྱེད་ཅག་སེམས་སུ་སྡུག་བསྔལ་ཡོད་པ་བཞིན༎
ཕྱི་ནང་བོད་པ་ཚང་མའང་དེ་བཞིན་ནོ༎
མི་ལ་དཀའ་སྡུག་འཕྲད་པའི་གནས་སྐབས་ན༎
ཕན་པའི་བསླབ་བྱ་རྒྱལ་སྲས་ཞི་བ་ལྷའི༎
རྨད་བྱུང་གསུངས་ཤིག་འདི་རུ་འདྲེན་རྒྱུ་ཡིན༎
འདི་ལ་སོམས་དང་སེམས་ངལ་ཞི་བར་འགྱུར༎
གལ་ཏེ་བཅོས་སུ་ཡོད་ན་ནི༎
དེ་ལ་མི་དགའ་ཅི་ཞིག་བྱ༎
གལ་ཏེ་བཅོས་སུ་མེད་ན་ནི༎
དེ་ལ་མི་དགའ་བྱེད་ཅི་ཕན༎ ཞེས་གསུངས་སོ༎
ཆབས་ཅིག་དྲ་གྲོགས་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ཕྲན་ལས་བྲེལ་དབང་གིས་ཡུན་རིང་དྲ་ཚིགས་སུ་འཛུལ་ཞུགས་མ་ཐུབ་པས། ཟིན་བྲིས་སྤེལ་སྟངས་ཡང་བརྗེད་པ་འདྲ་པོ་བྱས་ནས་རྩོམ་འདིའང་དུས་ཐོག་སྤེལ་མ་ཐུབ་པར་བློ་ཕམ་ཡོད།