ཆུང་སྲིད་རིན་པོ་ཆེ་སྐུ་འཚོ་བཞུགས་ཡིན་མིན་གསལ་སྟོན་དགོས།
ཟླ་འདིའི་ཚེས་༢༥ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་པཎ་ཆེན་ཨིར་ཏི་ནི་ཞབས་ཞུ་ལྟེ་གནས་ཁང་གིས་འཁྲུངས་སྐར་མཛད་སྒོ་ཞིག་གོ་སྒྲིག་བྱས་ཡོད་པ་དང། སྐབས་དེར་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང། ཆོས་རིགས་བཀའ་བློན། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། སྤྱི་འཐུས་རྒྱུན་ལས་རྣམ་པ། བོད་གཞུང་གི་དྲུང་ཆེ་ཁག་ཅིག་དང། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་དང། དེ་བཞིན་དྷ་སའི་མི་མང་དང། པཎ་ཆེན་རིན་པོ་ཆེའི་འཁྲུངས་དང་སྐྱེས་ལོ་གཅིག་པ་ཡིན་པའི་སློབ་མ་ཁག་ཅིག་བཅས་མཛད་སྒོར་ཞུགས་ཡོད་པ་རེད།
པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང། དེ་རིང་གི་ཉིན་མོ་འདིར་བཞུགས་སྒར་དྷ་རམ་ས་ལས་གཙོས་འཛམ་གླིང་ཡུལ་གྲུ་ཁག་ཏུ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་འདི་ནས་བོད་མི་རྣམས་ཀྱི་སེམས་ཁོངས་ནས་ཁོང་ལ་དད་གུས་ཇི་ལྟར་བྱེད་མིན་ཡང་རྟོགས་ཐུབ། འོན་ཀྱང་བློ་ཕམ་པ་ཞིག་ལ་ཁོང་རྒྱ་གཞུང་གིས་བཙན་ཁྲིད་བྱས་པ་ནས་བཟུང་རང་གཞུང་གིས་གཙོ་རྒྱལ་སྤྱིིའི་ཐོག་གི་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང། གཞིས་བྱེས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གློད་གྲོལ་གྱིས་རང་གདན་བཀྲ་ཤིས་ལྷུན་པོར་རྗེ་གོང་མའི་རྣམ་ཐར་བདག་གིར་བཞེས་རྒྱུའི་གོ་སྐབས་བསྐྲུན་དགོས་པའི་རེ་འདུན་ཐེངས་མང་བཏོན་ཡང། ད་བར་རྒྱ་ནག་གཞུང་གི་ངོས་ནས་ཁོང་སྐུ་འཚོ་བཞུགས་ཡིན་མིན་གྱི་ཁ་གསལ་བའི་འགྲེལ་བརྗོད་གཅིག་ཀྱང་བྱས་མེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང། ཁོང་གི་ཡབ་ཡུམ་སྐུ་འཁོར། བྱ་བྲལ་བྱམས་པ་འཕྲིན་ལས་རིན་པོ་ཆེ་སོགས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ་དང། གཞིས་བྱེད་གདན་ས་བཀྲ་ཤིས་ལྷུན་པོས་གཙོས་བོད་མི་ཡོངས་ཀྱི་མངོན་འདོད་ལ་དང་ལེན་དགོས་སྐོར་སོགས་འཁོད་ཡོད་པ་རེད།