སྐྱེ་རྒུའི་རྒུད་སེལ་ཆེད་དབང་པོ་སྐྱོན་ཅན་གྱི་ཞལ་འདེབས།

དབང་པོ་སྐྱོན་ཅན་རྣམས་ཀྱིས་ཀྱང་ཞལ་འདེབས་འབུལ་བའི་བྱེད་སྒོ་ཞིག་སྤེལ་ཡོད་པ་རེད། དབང་པོ་སྐྱོན་ཅན་ཞིག་གིས་གསར་འགོད་པར་འགྲེལ་བརྗོད་གནང་དོན།  ང་ཚོ་དབང་པོ་སྐྱོན་ཅན་ཡིན་རུང་སེམས་པ་རང་རིགས་མཉམ་དུ་ཡོད། དེ་རིང་ཞལ་འདེབས་ཆུང་ཆུང་ཙམ་ལས་མེད་ཀྱང་སྤུན་ཟླ་ཁོང་ཚོའི་ལག་ཏུ་འཕྲོད་པའི་རེ་བ་ཡོད། དེ་བཞིན་རྐྱེན་ངན་གོད་ཆག་ཕོག་པའི་རང་རིགས་རྣམས་ཀྱི་ཆེད་ང་ཚོས་སྨོན་ལམ་དང་མ་ཎི་གང་ནུས་འདོན་བཞིན་ཡོད་ཅེས་འགྲེལ་བརྗོད་བྱས་སོང།

ཕྱི་དྲོ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཨོ་རྒྱན་བསྟན་འཛིན་འཇིགས་མེད་ལྷུན་གྲུབ་མཆོག་དང་། ཞེ་ཆེན་རབ་འབྱམས་རིན་པོ་ཆེ་རྣམ་གཉིས་སྙིང་སྟོབས་གླིང་དུ་ཕེབས་ཡོད་པ་དང་།  སྙིང་སྟོབས་གླིང་གི་འགན་འཛིན་ངག་དབང་ལྷ་མོ་ལགས་ཀྱིས་སྙིང་སྟོབས་གླིང་གི་བྱུང་རིམ་དང་གནས་སྟངས་ཞུས་རྗེས། སྙིང་སྟོབས་གླིང་གི་མགོ་མང་ཡོངས་ལ་མཇལ་ཁ་གནང་བ་མ་ཟད་ཕྱག་རྟགས་ཀྱང་བསྩལ་གནང་ཡོད་པ་རེད།།