རྒྱལ་གཅེས་དཔའ་བོའི་ཉིན་མོ་ཐེངས་བཅུ་གཉིས་པ།

དེ་ཡང་ཟླ་འདིའི་ཚེས་༢༩ ཉིན་ནི་བོད་གཞིས་བྱེས་གཉིས་ཀྱི་དཔའ་བོ་དཔའ་མོ་ཚོ་རྗེས་དྲན་གྱི་ཉིན་མོ་སྟེ། བོད་ཀྱི་དཔའ་བོའི་ཉིན་མོ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་གཞོན་ནུ། ས་རྒྱུན་ཟུར་པ། འབྲེལ་ཡོད་དང་བླང་བ་བཅས་ཀྱིས་དྷ་སའི་ལྷ་རྒྱལ་རིར་བསང་གསོལ་དང་བཅས་སྲུང་བརྩི་ཞུས་ཡོད་པ་དང། སྐབས་དེར་སྐུ་མགྲོན་གྱི་གཙོ་བོ་བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་དང་། སྤྱི་འཐུས་ལས་ཀརྨ་ཆོས་འཕེལ་དང་། སྤྱི་འཐུས་ཀརྨ་ཡེ་ཤེས། གཞོན་ལྷན་གྱི་ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང། གཞོན་ལྷན་གྱི་ཚོགས་གཙོ་དང་ཚོགས་གཞོན་བཅས་ཕེབས་ཡོད་པ་རེད།

གཞོན་ལྷན་གྱི་གསལ་བསྒྲགས་ཡིག་ཆའི་ནང། རྒྱ་ནག་གི་བཙོན་ཁང་ནང་འཛིན་བཟུང་དམ་དྲག་འོག་ཡོད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཙོས། གཞིས་ལུས་སྤུན་ཟླ་ཡོངས་ལ་སེམས་ཚོར་དྲག་པོས་གདུངས་སེམས་མཉམ་སྐྱེད་དང་། ཁོང་རྣམ་པའི་རྒྱལ་ཞེན་སྙིང་སྟོབས་ལ་དགའ་སྤོབས་ཆེན་པོས་ཡིད་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན་ལ། ང་ཚོས་༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་དང། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་དགོས་པ། བོད་རང་བཙན་བཅས་ནི་ང་ཚོས་ངེར་པར་དུ་རྒྱུན་འཆང་དགོས་པའི་བཟང་སྤྱོད་ཀྱི་འགན་འཁུར་དང།  དེ་བཞིན་རྗེས་དྲན་འདི་དང་སྦྲགས་ནས་འགན་འཁུར་དང་ཁ་ཕྱོགས་དེ་གཉིས་ལ་ཐུན་མོང་གི་འབད་འབུངས་རྒྱུན་སྲིངས་དང། སྙིང་སྟོབས་ཆེར་བསྐྱེད་བྱ་རྒྱུ་ནི། ངེད་ཅག་གི་འཚོ་གནས་ཀྱི་རིན་ཐང་དང་མདུན་སྐྱོད་ཀྱི་ལམ་བུ་ཡིན་ཞེས་སོགས་འཁོད་འདུག

བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། ཉིན་དེའི་དུས་དྲན་དང་བསྟུན་སྐྱེ་རྒུ་མདོའི་ས་ཡོམ་སྐོར་གསུང་དོན། དེང་སང་ག་ས་གང་ནས་ས་ཡོམ་གྱི་གོད་ཆག་བྱུང་བ་རྣམས་ལ། བསྔོ་སྨོན་མཆོད་འབུལ་སོགས་བྱེད་ཀྱི་ཡོད་པ་དེ་ང་ཚོ་ནང་པ་ཡིན་པའི་ཆ་ནས་ཡག་པོ་རེད། ཡིན་ནའང་ལས་འགུལ་དེ་སྟབས་བདེ་ཤོས་དེ་རེད། དེ་ཙམ་གྱིས་ང་ཚོ་འདོད་པ་ཁེངས་ནས་བསྡད་པ་ཡིན་ན། ངས་ཏག་ཏག་སྡོད་ཀྱི་ཨེ་ཡོད་ན་བསམ་གྱི་ཡོད། གཞོན་ལྷན་གྱི་འཆར་འགོད་མྱུར་སྐྱོབ་ཚོགས་ཆུང་ཞིག་བོད་ནང་གཏོང་ཐབས་བྱེད་ཀྱི་ཡོད་པ་བཞིན། ཁ་ཡོད་ལག་ཡོད་དང་ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་བྱེད་རྒྱུ་དེ་གལ་ཆེན་པོ་མཐོང་གི་ཡོད་ཅེས་སོགས་གསུངས་སོང།