སེམས་པ་སྐྱོ་སོང་ལ་དགའ་པོའང་བྱུང།
དེ་ཡང་ཟླ་འདིའི་ཚེས་༡ ཉིན་༧གོང་ས་མཆོག་དྷ་སར་བཞུགས་སྒར་དུ་ཕེབས་ནས། ལོ་ཧྲིལ་པོ་༥༠ འཁོར་བའི་དུས་དང་བསྟུན་ནས། ཧཱི་མ་ཅལ་མངའ་སྡེའི་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཉིན་གཉིས་པ་དེ། དྷ་སའི་ཐེག་ཆེན་གཙུག་ལག་ཁང་གི་མདུན་ཐང་དུ་འཚོགས་སོང་ལ། སྐབས་དེར་༧གོང་ས་མཆོག་ཆིབས་བསྒྱུར་གནང་པའི་ཐོག སྐུ་མགྲོན་གྱི་གཙོ་བོ་རྒྱ་གར་དབུས་གཞུང་གི་བློན་ཆེན་བྷིར་བྷདར་སིང་མཆོག་དང་། འབྲེལ་ཡོད་ས་གནས་ཀྱི་དཔོན་རིགས་ཁག་ཅིག དེ་བཞིན་བོད་དོན་ལས་འགུལ་སོགས་ལ་རྒྱབ་སྐྱོར་གནང་མཁན་ས་གནས་ཀྱི་ཡུལ་མི་མཁས་དབང་རྒན་གྲས་ཁག་གཅིག་གིས་མཚོན། བོད་གཞུང་གི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་འབྲེལ་ཡོད་ལས་བྱེད་ཁག་གཅིག དེ་བཞིན་གྲྭ་བཙུན་དང་སློབ་ཕྲུག དྷ་སའི་མི་མང་བཅས། ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་མཛད་སྒོར་མཉམ་ཞུགས་གནང་འདུག
བོད་གཞུང་ཟློས་གར་ཚོགས་པའི་རོལ་དབྱངས་པ་ཁག་གཅིག་གིས། ཧཱི་མ་ཅལ་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་བའི་གླུ་གཞས་རྗེས། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེ་རིང་དམིགས་བསལ་དྷ་ས་ཁུལ་གྱི་ཡུལ་མི་བགྲེས་སོང་རྣམ་པ་དང། གསར་འགོད་པ་རྣམ་པ་བཅས་ལ་གུས་བརྩི་མཚོན་པའི་དངོས་པོ་ཕྲན་བུ་འབུལ་རྒྱུ་དང། ཁ་སང་དྷ་རིའི་ཐང་སྟེང་གི་མཛད་སྒོ་ཐོག་ཧཱི་མ་ཅལ་མངའ་སྡེའི་ནང་གི་བོད་མི་ཚོའི་གནས་བབས་ཆ་ཚང་ཞིག་ཞུས་ཟིན་པས་དེ་རིང་བསྐྱར་ལྡབ་བྱེད་རྒྱུ་མིན། དྷ་རམ་ས་ལའི་བཞུགས་སྒར་གྱི་གནས་བབས་དེ་ཕྱོགས་མང་པོ་ཞིག་ནས་ཕུན་སུམ་ཚོགས་པ་དང། ལྷག་པར་དུ་འདས་པའི་ལོ་༥༠ རིང་ལ་༧གོང་ས་མཆོག་གི་མཛད་འཕྲིན་ཕྱོགས་ཀུན་ལ་རྒྱས་པ་སོགས་བལྟས་པ་ཡིན་ན། བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་ཞུ་འོས་པའི་གནས་སྟངས་ཤིག་ཆགས་ཡོད་པས། བཙན་བྱོལ་བོད་མི་དང་སྤྱིར་བོད་མི་ཡོངས་རྫོགས་ནས་བཀའ་དྲིན་རྗེས་དྲན་དང་། ཧཱི་མ་ཅལ་གྱི་མང་ཚོགས་ལ་ང་ཚོའི་གུས་བརྩིའི་བསམ་ཚུལ་མཚོན་པའི་ཆེ་བསྟོད་ཞུ་རྒྱུར་ཚང་མ་མཉམ་ཞུགས་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་སོང། དེ་རྗེས་ཁོང་གིས་ཧིན་སྐད་ཐོག་རྒྱ་གར་གཞུང་དང། མངའ་སྡེ་གཞུང། ས་གནས་ཡུལ་མི་སོགས་བཙན་བྱོལ་བོད་མི་རྣམས་ལ་བཀའ་དྲིན་ཆེན་པོ་ཡིན་སྐོར་དང། དེ་བཞིན་བཞུགས་སྒར་དུ་༧གོང་ས་མཆོག་གི་སྐུའི་སྲུང་བྱ་སོགས་ཧ་ཅང་ཚུགས་ཚུགས་ལེགས་པོ་གནང་དང་གནང་བཞིན་པ་བཅས་ནི། བོད་མི་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་བཀའ་དྲིན་ཡིན་སྐོར་སོགས་གསུང་སོང།
དེ་རྗེས་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། ཡུན་རིང་འགྲོགས་པའི་གྲོགས་པོ་བློས་ཐུབ་བགྲེས་སོང་རྣམ་པ་དང་ས་གནས་འདི་གའི་གྲོགས་པོ་རྣམ་པ་ཚོར་ཞུ་རྒྱུ་ལ། དེ་རིང་འདིར་དམིགས་བསལ་གྱི་ས་གནས་ཀྱི་མི་སྣ་ནང་གི་ཡུན་རིང་འགྲོགས་པའི་གྲོགས་པོ་རྒྱུས་ཡོད། འདས་པའི་ལོ་༥༠ རིང་གི་དགའ་སྡུག་གི་འཚོ་བ་ཉམས་མྱོང་ཡོད་བསྡད་པ་དེ་དྲན་པའི་ཐོག་ནས། ཁྱེད་རང་ཚོ་འགྱུར་བ་མེད་པ་བློས་ཐུབ་པའི་གྲོགས་པོ་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བློན་ཆེན་མཆོག་ལ་མཚོན་ན་ང་དང་ཐེངས་མང་པོ་ཐུག་མྱོང་ཡོད་པ་རེད། ངས་གསལ་པོ་དྲན་པ་ཞིག་ལ་སྐབས་ཤིག་ང་གཉིས་རམ་པུར་ས་གནས་སུ་ཐུག་པ་རེད། དེར་ཤིང་སྡོང་ཆེན་པོ་ཞེ་དྲག་ཡོད་སའི་གླིང་ག་ཞིག་གི་ནང་ཁོང་གིས་གསུང་བཤད་གཅིག་གནང་པའི་སྐབས། ཁོང་རྒྱུན་བཞུགས་གནང་སའི་ས་ཆ་དེ། ཡབ་མེས་ཀྱི་དུས་ནས་བོད་དང་འབྲེལ་བ་ཆེན་པོ་ཡོད་པས། བོད་པའི་སྐོར་ལ་རང་བཞིན་གྱི་ཤ་ཚ་དང་སེམས་འཁུར་ཡོད་བསྡད་པ་ཞིག་གསུངས་སོང། ངས་ད་ལྟའང་གསལ་པོ་ཞེ་དྲག་དྲན་གྱི་འདུག
སློབ་དཔོན་ཆེན་མོ་ཤཱ་མར་ཆར་མཚོན་ན་ཁོ་རང་མཁས་དབང་རེད་ལ། ཁོ་རང་གི་དོ་སྣང་བྱེད་སའི་གཞུང་ལུགས་སྤྱོད་འཇུག་སོགས། ལེགས་སྦྱར་ནས་དབྱིན་སྐད་དུ་བསྒྱུར་པ་སོགས་གནང་པ་རེད། ད་ལྟ་ངས་བཤད་སྙིང་འདོད་པ་ཞིག་ལ། སྐབས་ཤིག་ང་ཚོ་དྷ་རམ་ས་ལ་ཏོག་ཙམ་རྙོག་གྲ་བྱུང་ནས། བོད་པ་ཚོ་དྷ་རམ་ས་ལ་སྡོད་རྒྱུ་མི་འདུག་ཟེར་བའི་སྐད་ཆ་བྱུང་པ་རེད། སྐབས་དེར་ང་ཨ་རིའི་ནང་ཡོད། གསར་འགོད་པ་ཚོས། རྒྱ་གར་གྱི་ཡུལ་མིས་བོད་པ་ཚོ་དྷ་སར་སྡོད་བཅུག་རྒྱུ་མི་འདུག་ཟེར་གྱི་འདུག་པས་བསམ་ཚུལ་གང་ཡོད་སྐད་ཆ་དྲིས་བྱུང་བས། ངས་ཡུལ་མི་ཚོར་འདོད་པ་མེད་པ་ཡིན་ན་ང་ཚོ་ཐོན་རྒྱུ་རེད་མ་གཏོགས། གཞན་དག་གང་ཡང་བྱེད་རྒྱུ་ཡོད་མ་རེད་ཅེས་བརྗོད་པ་ཡིན། ང་དྷ་སར་འབྱོར་བའི་སྐབས་ལ་སློབ་དཔོན་ཆེན་མོ་ཤཱ་མར་དང་ཁོང་དང་འབྲེལ་ཡོད་འགའ་ཤས་ངའི་སར་ཡོང་ནས། ང་ཚོ་དྷ་སའི་མི་མང་ཚོས་རྒྱལ་བ་རིན་པོ་ཆེ་འདིར་སྡོད་པར་དགའ་བསུ་ཡོད། ཁྱེད་རང་ནམ་ཞིག་སོ་སོའི་ལུང་པ་ཕེབས་རྒྱུའི་དུས་ཚོད་བྱུང་ན་གནས་ཚུལ་ཁ་ཁ་རེད། དུས་ཚོད་དེ་མ་བྱུང་བར་དུ་དྷ་རམ་ས་ལ་སྡོད་རོགས་གྱིས། མ་འོངས་པར་དྷ་རམ་ས་ནས་ཐོན་དུས་སོ་སོའི་ལུང་པའི་ནང་སྤྲོ་པོ་བྱས་ནས་འགྲོ་བ་ལ་བསམ་བློ་གཏོང་རོགས་ཟེར་ནས་གསུངས་བྱུང་བས། སྐབས་དེར་སེམས་སྐྱོ་པོ་བྱུང་ལ་དགའ་པོའང་ཞེ་དྲག་བྱུང།
༡༩༥༩ ནང་དང་ཐོག་མཱ་སུ་རིར་འབྱོར་པའི་སྐབས་སུ་ཕྱོགས་གཅིག་ནས་དངངས་སྐྲག་ཆེན་པོ་ཞེ་དྲག་འོག་ནས་ཡོང་པ་རེད་ལ་ན་ཚའང་ཞེ་དྲག་ན་བྱུང། དེ་བཞིན་མེ་འཁོར་ནས་ཉིན་མཚན་མང་པོའི་རིང་ལ་ཡོང་ཡོད་པས། མཱ་སུ་རིར་སླེབས་པའི་སྐབས་སུ་ཟ་རི་ཟི་རི་ཆགས་ནས་ཉིན་ཁ་ཤས་རིང། གདན་སྒང་ལ་བསྡད་ཡོད་ནའང་ཚོར་བ་དེ་མེ་འཁོར་ནང་གི་སྐད་སྒྲ་དེའི་ཚོར་བ་མྱོང་གི་འདུག ལོ་དེའི་ཟླ་བ་༤ པའི་མཇུག་ཏུ་ནཱེ་རོ་མཆོག་ང་ཐུག་ཆེད་དུ་ཕེབས་པ་རེད། སྤྱིར་༡༩༥༦ ལོ་ནས་ང་གཉིས་དབར་ནང་ཚག་གི་འབྲེལ་བ་ཡག་པོ་ཡོད། སྐབས་དེར་ཁོང་མཱ་སུ་རིར་ཕེབས་པའི་སྐབས། ང་ལ་ང་ཚོ་སྐྱབས་མེད་མགོན་མེད་མིན་བསམ་པའི་སེམས་ནང་སྤོབས་པ་ཞེ་དྲག་སྐྱེས་བྱུང་ཞེས་སོགས་དང།
ཡང་ཁོང་གིས་དེ་ནས་ལོ་གཅིག་གི་རྗེས་༡༩༦༠ ཟླ་བ་༤ ཚེས་༣༠ ཉིན་ང་དྷ་རམ་ས་ལ་འབྱོར་པ་རེད། དེ་དུས་དང་པོ་མཱ་སུ་རི་ས་རྒྱུས་མེད་གཅིག་ལ་སླེབས། ཡང་དྷ་རམ་ས་ལ་ས་རྒྱུས་མེད་གཅིག་ལ་སླེབས་དུས། དྷ་ས་མཱ་སུ་རི་དང་བསྡུར་ན་ལྡི་ལི་སོགས་སུ་འགྲོ་དུས་ཏོག་ཙམ་ལམ་ཐག་རིང་པོ་ཡིན་པས་ཚོད་མ་ཐིག་པའི་བཟོ་འདྲ་བྱུང་སོང་། གནས་སྟངས་དེ་འདྲ་ཞིག་གི་འོག་ཡོད་པའི་སྐབས་བློན་ཆེན་ཨབ་པང་ཐི་ང་ཐུག་ཆེད་སླེབས་བྱུང། སྐབས་དེ་ང་ Swarg Ashram སཝར་ཇི་ཨ་ཤཱི་རམ་ནང་ཡོད་རེད། སྐབས་དེར་ཁོང་གིས་ང་ལ་ས་ཆ་འདིའི་མིང་ལ་དྷ་མར་ས་ཟེར་གྱི་ཡོད་རེད། འདིའི་དོན་ནི་ཆོས་ཀྱི་ལྟེ་གནས་ཆགས་ཀྱི་ཡོད་རེད་ཟེར་གྱི་འདུག ཁོང་གིས་དྷ་སའི་གཤོངས་ནས་མར་གཟིགས་ནས། རྒྱལ་བ་རྒྱལ་བ་རིན་པོ་ཆེས་ཆོས་ཀྱི་ལྟེ་གནས་ཀྱི་ས་ཆ་འདིའི་སྒང་ནས། འཛམ་བུ་གླིང་འདིའི་སྒང་ལ་ཆོས་ཀྱི་མཛད་པ་རྒྱས་ཐུབ་ཡོང་གི་རེད་བསམ་ནས་དགོངས་པ་བཞེས་དགོས་ཅེས་གསུངས་བྱུང། སྐབས་དེར་ངས་ཨབ་པང་ཐི་ཁོང་གི་ང་ས་ཐག་རིང་པོ་ལ་སླེབས་ཡོད་པའི་སྐབས་སེམས་གསོ་ཞིག་བཏང་སོང་བསམ་བྱུང་ཞེས་བཀའ་སློབ་བསྩལ་སོང།
དེ་བཞིན་རྒྱ་གར་དབུས་བློན་ཆེན་མཆོག་གིས་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཀྱིས། ས་གནས་འདི་འཛམ་གླིང་ཐོག་སྙན་གྲགས་ཅན་ཆགས་པ་དང། དེ་བཞིན་ཆོས་ཀྱི་མཛད་པ་རླབས་པོ་ཆེས་འཛམ་གླིང་ཁྱོན་ལ་ཞི་བདེ་བསྐྲུན་པ་སོགས་ནི་ཧ་ཅང་རླབས་ཆེན་ཡིན་པ་དང། འབྱུང་འགྱུར་ཡང་རྒྱ་གར་གཞུང་དང་མངའ་སྡེ། ས་གནས་སོགས་ཀྱིས་ཁོང་གི་བཞེད་དགོངས་ཡོངས་རྫོགས་ལྷུན་གྱིས་འགྲུབ་པར་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡིན་སྐོར་སོགས་གསུང་བཤད་གནང་སོང། དེ་བཞིན་བོད་དོན་ལས་འགུལ་སོགས་ལ་རྒྱབ་སྐྱོར་གནང་མཁན་ས་གནས་ཀྱི་ཡུལ་མི་མཁས་དབང་རྒན་གྲས་ཁག་གཅིག་གིས། ཇི་སྲིད་བོད་ལ་རང་དབང་མ་ཐོབ་བར། དེ་སྲིད་དུ་༧གོང་ས་མཆོག་དྷ་སར་གཏན་དུ་བཞུགས་རྒྱུར་རེ་བ་ཆེན་པོ་འཆང་བཞིན་ཡོད་སྐོར་དང། ༧གོང་ས་མཆོག་ས་འདིར་ཕེབས་འབྱོར་བྱུང་བ་འདི་ནི་ཡུལ་མི་ཚོའི་བསོད་ནམས་ཀྱི་བགོ་སྐལ་ཡིན་པ་སོགས་གསུང་བཤད་གནང་སོང། མཁས་དབང་དེ་དག་གིས་འདས་པའི་ལོ་རྒྱུས་ནང། མི་ཎི་ལག་འཁོར་འཐོགས་པའི་མི་རིགས་དང་། བོད་རང་བཙན་གྱི་གནས་བབས་ཞེས་པ་སོགས་བོད་མི་རིགས་ཀྱི་བདེན་དོན་ལ་ཕན་པའི་བརྩམ་ཆོས་མང་དུ་སྤེལ་མྱོང་ཡོད་འདུག
མཛད་སྒོ་གྲུབ་མཚམས་སུ་༧གོང་ས་མཆོག་གིས་བློན་ཆེན་མཆོག་དང་། ས་གནས་ཀྱི་ཡུལ་མི་མཁས་དབང་རྒན་གྲས་གསུམ། རྒྱ་གར་གྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ལ་ཞལ་ཐང་དང་ཞྭ་མོ། མཇལ་དར་སོགས་ཀྱིས་གསོལ་རས་གནང་སོང།