ཐར་པའི་གྲོང་ཁྱེར།

ཐར་པའི་གྲོང་ཁྱེར།

འཁོར་འདས་འདི་ཕྱིའི་རྣམ་བཞག་དངོས་རིག་གིས་གཟིགས་ཤིང་། །

བདེན་བཞི་ལམ་གསུམ་འཇུག་ཐབས་སེམས་སྟེང་ན་གསལ་ཡང་། །

ཨ་རིས་ཞིང་འདི་ཐར་པའི་གྲོང་ཁྱེར་དེ་འདོད་ནས། །

ཆོས་དགོན་སློབ་མ་བཞག་ནས་ཁེར་རྐྱང་དེ་ཕུར་སོང་། །

འཁོར་བར་ངེས་འབྱུང་ཁྱིམ་སྤང་སྡོམ་ལྡན་གྱི་བཙུན་པ། །

དུག་གསུམ་སྡིག་སྤང་དབེན་པའི་རི་དགོན་དུ་བཞུགས་ཀྱང་། །

ཨ་རིས་ཞིང་འདི་ཐར་པའི་གྲོང་ཁྱེར་དེ་འདོད་ནས། །

 ཁྱིམ་པའི་རྟགས་དེ་འཛིན་ནས་ཆོས་སྒོར་ནས་ཐོན་སོང་། །

དྲག་པོ་དམག་གི་དབུས་ན་དཔའ་ངར་དེ་སྒྲོག་ཅིང་། །

བདེན་པའི་རང་དབང་སླད་དུ་རང་བཙན་ཞིག་རྩོད་ཀྱང་། །

ཨ་རིས་ཞིང་འདི་རང་ཡུལ་ངོ་མ་དེ་འཛིན་ནས། །

ཆབ་སྲིད་བཙོན་པའི་འོས་དེ་ཨ་རིས་ལ་བཤད་སོང་། །

ཡབ་རབ་གཤིས་བཟང་བུ་མོ་རིག་བཟང་དུ་རྩི་ཞིང་། །

ངོ་ཚ་ཁྲལ་ཡོད་མི་ཚེའི་མདུན་ལམ་ཞིག་མཐོང་ཡང་། །

ཨ་རིས་ཞིང་འདི་ལྷ་ཡུལ་གཉིས་པ་དེ་འཛིན་ནས། །

བརྒྱད་བཅུ་ཨ་རིས་རྒན་པོའི་མནའ་མ་དེ་ཕྱིན་སོང་། །