ཞལ་འདེབས་དང་བསྔོ་སྨོན།

གཞིས་གྲོང་ཉེར་གཉིས་པོས་སྐྱེ་དགུ་མདོའི་ས་ཡོམ་གོད་ཆག་དེར་བདུན་ཚིག་གསུམ་པ་མྱ་ངན་གུས་འདུད་དང་སྨོན་ལམ་འཚོགས་པ་དང། རྫོགས་ཆེན་དགོན་ནས་ཉིན་དེ་དང་བསྟུན་རྒན་གསོ་ཁང་ལ་ནང་ཆོས་ངོ་སྤྲོད་དང་འབྲེལ་མ་ཎི་གསོག་སྒྲུབ་མཐར་བསྔོ་སྨོན་ཟབ་རྒྱས་གནང་བ་མ་ཟད། རྫོགས་ཆེན་དགོན་གཞུང་ནས་ཀྱང་ཀར་གླིང་ཞི་ཁྲོ་ཞལ་ཕྱེ་བྱས་ནས་བདུན་ཚིག་གསུམ་པ་ལེགས་གྲུབ་བྱས་ཡོད།  སྤྱིར་ཕྱི་ཟླ ༤ ་༡༦ ནས་བཟུང་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་ངོས་ནས་དབྱིན་ཇིའི་རྒྱལ་ས་ཨང་ལན་ནས་ཐུགས་གསོའི་འཚམ་འདྲི་ཅིག་ཕུལ་བ་ལྟར་དེ་རྗེས་ཧིན་སྒོར་འབུམ་གཅིག་གི་ཞལ་འདེབས་དང་ད་དུང་རྗེས་ནས་ས་གནས་དེར་ཁ་ཡོད་ལག་ཡོད་ཀྱི་རོགས་རམ་བྱེད་རྒྱུའི་དགོངས་གཞི་ཤུགས་དྲག་ཡོད་རེད། དེ་བཞིན་རྫོགས་ཆེན་དགོན་རང་ནས་ནམ་རྒྱུན་བཟང་སྤྱོད་དང་བདེ་སྨོན་སོགས་སྨོན་ལམ་གསུང་བཞིན་པ་དང་ཁྱད་པར་བདུན་ཚིག་དག་ལ་དུས་ཚོད་ཟུར་བཅད་བྱས་ནས་ཀར་གླིང་ཞི་ཁྲོ་སོགས་གསུང་གི་ཡོད། དེ་བཞིན་རྫོགས་ཆེན་པའི་ཆོས་བརྒྱུད་བལ་ཡུལ་གྱི་རྫོགས་ཆེན་ཤྲི་སེང་ཧ་ལུང་རྟོགས་ཆོས་ཀྱི་དགའ་ཚལ་དང་བལ་ཡུལ་རྫོགས་ཆེན་དགོན་སོགས་བལ་ཡུལ་ནང་ཁུལ་ན་བཞུགས་པའི་དགོན་ལག་ཚང་མས་ཀྱང་ཉིན་རེ་རེ་བཞིན་སྨོན་ལམ་འཚོག་གི་ཡོད།  ཁྱད་པར་བོད་ནང་ན་བཞུགས་པའི་རྫོགས་ཆེན་མ་དགོན་གྱིས་ཀྱིས་ཀྱང་ཚེས་བཅུ་དྲུག་ཉིན་རྫོགས་ཆེན་རིན་པོ་ཆེ་སོགས་མཁན་སྤྲུལ་བཅུ་བཞི་དང་གྲྭ་བ་ཉིས་བརྒྱ་གྱ་གསུམ་དང་མི་སྐྱ་སུམ་ཅུ། སྨན་པ་དྲུག་དང་སྨན་གཡོག་སོགས་རོགས་སྐྱོར་དངོས་རྫས་དང་བཅས་ས་འགུལ་གྱིས་གོད་ཆག་བྱུང་སར་འབྱོར་ནས་ཉིན་བདུན་གྱི་རིང་། འདས་གྲོང་དུ་སོང་བ་རྣམས་ལ་འཕོ་བ་དང་བསྔོ་སྨོན། ཐེངས་དང་པོའི་ཉིན་བེམ་པོ་ཆིག་སྟོང་ལྔ་བརྒྱ་ལྷག་ཞུགས་འབུལ་དང་། ཉིན་བཞིན་བེམ་པོ་བརྒྱ་ཕྲག་ཁ་ཤས་ཞུགས་འབུལ་སོགས་བྱས། རྫོགས་ཆེན་བཻཌཱུརྱ་གསོ་དཔྱད་གླིང་གི་སྨན་པ་དྲུག་དང་སྨན་གཡོག་རྣམས་ཀྱིས་ཉིན་ལྟར་རྨས་མ་ལྔ་བརྒྱ་ཙམ་ལ་སྨན་བཅོས་བྱས། དེ་བཞིན་གནོད་ཐེབས་གསོན་པོ་མི་མང་རྣམས་ལ། མར། ཆུ་སོགས་ཟས་རིགས་དང་། རས་གུར། ཉལ་ཐུལ། ཉལ་གདན་སོགས་ཀྱིས་རོགས་རམ་དོན་སྨིན་བྱས་པ་དང་། རྒྱ་སྒོར་ཁྲི་བཞི་བརྒྱ་ལྷག་གི་བཅའ་དངོས་ས་འོག་ལས་བཏོན་ཏེ་དོ་བདག་སོ་སོའི་ལག་ལ་འཕྲོད་པར་བྱས།   རྫོགས་ཆེན་རིན་པོ་ཆེ་དང་སྤྲུལ་སྐུ་གུར་དགའ། དེ་བཞིན་འབྲེལ་ཡོད་སློབ་མ་རྣམས་ཀྱིས་ཞབས་འདེབས་སུ་ཕུལ་བ་རྣམས་བསྡོམ་པས་རྒྱ་སྒོར་ཁྲི་སུམ་བརྒྱ་ལྷག་དང་།  རྫོགས་ཆེན་སྤྲུལ་སྐུ་བསྟན་འཕེལ་རིན་པོ་ཆེ་ནས་རྒྱ་སྒོར་ཁྲི་དྲུག་ཅུ་ལྷག་གི་དངོས་རྫས་བསྣམ་ནས་ཐེངས་འདིར་སྐུ་དངོས་ཆེད་ཕེབས་གནང་བ་དང་།  དེ་བཞིན་སྤྲུལ་སྐུ་བསྟན་འཛིན་འབྱོར་ལྡན་ནས་རྒྱ་སྒོར་ཁྲི་ལྔ་བཅུ་ང་གཅིག  སྤྲུལ་སྐུ་རིག་འཛིན་མཐར་ཕྱིན་ནས་རྒྱ་སྒོར་ཁྲི་ཉེར་བཞི།  མཁན་པོ་ཉི་རྒྱལ་གྱིས་རྒྱ་སྒོར་ཁྲི་ཉེར་གཅིག  སྤྲུལ་སྐུ་ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་སྒོར་ཁྲི་བཅུ་དྲུག  སྤྲུལ་སྐུ་སྙན་གྲགས་ནས་རྒྱ་སྒོར་ཁྲི་བཅུ་བཞི།  སྤྲུལ་སྐུ་མགོན་པོ་ནས་རྒྱ་སྒོར་ཁྲི་བཅུ་གསུམ།  སྤྲུལ་སྐུ་འཆི་མེད་རྡོ་རྗེ་ནས་རྒྱ་སྒོར་ཁྲི་ལྔ།    སྤྲུལ་སྐུ་མཐུ་སྟོབས་ནས་རྒྱ་སྒོར་ཁྲི་གསུམ། སྨན་སྤྲུལ་དགེ་གྲགས་ནས་ཧོང་ཀོང་སྒོར་མོ་ཁྲི་དགུ་དང་སྟོང་བརྒྱད་བདུན་བརྒྱ་དང་། གཞན་ཁོང་གིས་ཧོང་ཀོང་ནས་མི་གྲངས་སྟོང་ལ་ཉེ་བས་ཐར་མདོ་ཞལ་འདོན་དང་སྨོན་ལམ་འཚོགས་འདུག།  གཞན་ཡང་རྫོགས་ཆེན་པའི་ཆོས་བརྒྱུད་ཤར་མི་ཉག་རྒྱལ་འཕགས་དགོན་པས་ཀྱང་བསྟན་བདག་མཆོག་སྤྲུལ་བསོད་ནམས་རབ་བརྟན་དང་གྲྭ་བཙུན་འགའ་ཆེད་ཕེབས་གནང་ནས་རྒྱ་སྒོར་ཁྲི་བཅུ་མི་མང་ལ་ལག་འགྱེད་བྱས་འདུག  མི་སྐྱ་པད་བཟང་ནས་རྒྱ་སྒོར་ཁྲི་བཅུ་གཉིས། གཞན་རྫོགས་ཆེན་མཁན་པོ་ཆོས་དགས་ཀྱང་འཛམ་གླིང་གི་ཆོས་ཚོགས་བདུན་བཅུ་ལ་ཉེ་བས་གནས་ཚུལ་འདི་ཐོས་མ་ཐག་བསྔོ་བ་དང་སྨོན་ལམ་འཚོགས་འདུག   ད་དུང་ཡང་ས་གནས་དེར་མཁན་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན་དང་མཆོག་གླིང་རོགས་སྐྱོར་ཚོགས་པ་དག་གཟིགས་སྐོར་ལ་ཕེབས་ཀྱི་འདུག
གྲུབ་དབང་རྫོགས་ཆེན་དགོན་གཞི་བྱེས་གཉིས་ནས་ཁྱོན་བསྡོམས་ཞལ་འདེབས་རྒྱ་ནག་སྒོར་མོ་ ༥༤༠ ལྷག་གིས་རོགས་སྐྱོར་གནང་ཡོད་པ་རེད་འདུག
གྲུབ་དབང་རྫོགས་ཆེན་དགོན་གྱི་འབྲེལ་མཐུད་པས།
སྤྱི་ལོ་ ༢༠༡༠་ ལོའི་ ཟླ་བ་ ༠༥་ པའི་ཚེས་༠༥ ཉིན།