རྫ་སེར་ཤུལ་སྡེ་དགོན་བླ་གྲྭ་མི་མང་གིས་རྒྱ་སྒོར་ཁྲི་སྟོང་ཕྲག་༡ དང་ ༢༨༩ ཞལ་འདེབས་ཕུལ་པ།

རྗེས་སུ་རྒྱ་གཞུང་གི་ཕྱོགས་མཐའ་ནས་གནོད་ཐེབས་ས་གནས་སུ་རོགས་རམ་གནང་བར་ཕེབས་པའི་དགོན་པ་སོ་སོའི་དགེ་འདུན་པ་ཕྱིར་ལོག་མ་བྱས་པར་དུ་ཟ་རིགས་མཐུང་སྐོར་སོགས་ཀྱི་འགྲོ་འགྲོན་རྒྱ་སྒོར་ཁྲི་བརྒྱ་དང་སོ་ལྔ་(ཁྲི་ ༡༣༥) ཕྱིན་ཡོད་པ་དང་། སེར་ཤུལ་དགོན་པའི་གཞུང་ལས་ཁང་སོ་སོའི་ངོས་ནས་རྒྱ་སྒོར་ཁྲི་བརྒྱ་དང་ཉི་ཤུ་རྩ་བདུན་ (ཁྲི་ ༡༢༧ ) གི་ཞལ་འདེབས་
དང་དགོན་འདིའི་སེར་སྐྱ་མི་དམྱངས་ཡོངས་ཀྱིས་བསྡུ་རབ་བྱས་པའི་ཞལ་འདེབས་རྒྱ་སྒོར་ཁྲི་ཉི་ཤུ་རྩ་བདུན་ (ཁྲི་ ༢༧ )གྱི་ཞལ་འདེབས་གནང་ཡོད་པ་རེད་འདུག དེ་བཞིན་སེར་ཤུལ་དགོན་པའི་ཁྲི་རབས་སོ་བདུན་པ་སྐབས་རྗེ་ཁྲི་བ་ཐུབ་བསྟན་སྙན་གྲགས་ཆོས་ཀྱི་རྒྱལ་མཚན་ནམ་ཡོངས་གྲགས་སུ་སེར་ཤུལ་ཁྲི་པ་རིན་པོ་ཆེ་མཆོག་རྒྱ་ནག་ཧྲིན་འཛིན་ནས་ཆེད་དུ་གནོད་ཐེབས་ས་ཁུལ་དུ་ཕེབས་ཏེ་འདས་པོ་ཚོར་བསྔོ་སྨོན་གནང་བ་དང་། གསོན་སོན་པོ་ཤུལ་ལྷག་རྣམས་ལ་མ་འོངས་པའི་ཡུལ་ཤུལ་གསར་པའི་འཛུགས་བསྐྲུན་དང་མི་རབས་གསར་བའི་མདུན་ལམ་སོགས་འཕྲོ་བརླག་ཏུ་མི་འགྲོ་ཞིག་བྱེད་དགོས་སྐོར་གྱི་སླབས་བྱ་གནང་བ་དང་ཚེ་འདས་རྣམས་ཀྱི་ཆེད་དུ་སེར་ཤུལ་དགོན་པའི་ངོས་ནས་བདུན་ཚིགས་ཡོངས་རྫོགས་བསྔོ་སྨོན་མཆོད་འབུལ་གྱི་ལས་ནས་འདེད་རྒྱུ་ཡིན་གསུངས་ཡོད་པ་རེད། དེ་བཞིན་ཡུལ་ཤུལ་གནོད་ཐེབས་ས་ཁུལ་གྱི་དཔོན་རིགས་ཁག་ཅིག་སེར་ཤུལ་དགོན་དུ་ཆེད་དུ་གདན་ཞུས་དང་འབྲེལ་ཐེངས་འདིའི་རྐྱེན་ངན་གོད་ཆག་ལ་གདུང་སེམས་མཉམ་བསྐྱེད་དང་བསྔོ་སྨོན་མཆོད་འབུལ་ཆེད་དུ་རྒྱ་སྒོར་ཁྲི་སྟོང་ཕྲག་གཅིག (ཁྲི་ ༡༠༠༠ ) དངུལ་རྐྱང་གི་ཞལ་འདེབས་གནང་ཡོད་པ་རེད་འདུག ད་དུང་རྒྱ་ནག་ནང་གི་ཞིང་ཆེན་ཀན་ཐོང་དང་ཧྲིན་འཛིན་སོགས་ཞིང་ཆེན་དང་གྲོང་ཁྱེར་སོགས་སུ་ཡོད་ཡོད་པའི་སེར་ཤུལ་ཁྲི་པའི་སློམ་མའི་གྲས་ནས་སྨན་པ་སྐད་གྲགས་ཆན་མང་པོ་ཞིག་གི་སྨན་རིགས་མཁོ་ཆས་ཅ་དངོས་སོགས་མཉམ་འཁྱེར་གྱིས་གནོད་ཐེབས་ས་ཁུལ་ལ་སྨན་བཅོས་ཀྱི་རོགས་རམ་སྨིན་གཏོང་གནང་ཡོད་པ་རེད་འདུག ད་ཐེངས་བྱེས་འབྱོར་སེར་ཤུལ་བ་རྣམས་ཀྱིས་གོང་གི་གནས་ཚུལ་འདི་དག་དྲ་ལམ་དང་གསར་ལམ་སོགས་ནས་ཕྱིར་བསྒྲགས་བྱེད་དགོས་དོན་ནི་རང་གི་གཞིས་དགོན་དང་ཡུལ་ལུང་བྱས་ཡུས་དང་དེ་བཞིན་ཆེད་མཐོང་ཨེ་ཡོང་སོགས་གཏན་ནས་མིན་པར། སྙིང་ཉེ་ཞིང་ཤ་ཚ་བའི་ཤ་རུས་མཆེད་ཁུངས་གཅིག་པའི་ཡུལ་ཤུལ་འདས་གསོན་རྣམས་ལ་རང་རེའི་སྤྱི་ཚོགས་འདིའི་སྤྱི་སྒེར་ཡོངས་ཀྱིས་ལྷག་བསམ་རྣམ་དག་གིས་ཞལ་འདེབས་དང་རོགས་རམ་གང་ནུས་གང་ལྕོག་གིས་འབུལ་དགོས་པའི་བསྐུལ་མ་མཚོན་བྱེད་ཙམ་དུ་བསྒྲགས་པ་ཡིན། གནས་ཚུལ་འདི་ལྷོ་ཕྱོགས་སེར་བྱེས་བྱ་བྲལ་རྒན་བསམ་འཕེལ་དོན་གྲུབ་ལགས་དང་རྒན་ཐུབ་བསྟན་བཤད་སྒྲུབ་གཉིས་ཀྱིས་བོད་དུ་ཁ་པར་བཏང་སྟེ་གནས་ཚུལ་བསྡུ་རམ་བྱས་པ་ཞིག་དང་འདི་ག་དྷ་ས་སེལ་ཤུལ་དཀོན་མཆོག་གིས་མཁོ་སྤྲོད་བྱས་པ་ཞིག་རེད།   ཕྱི་ལོ་ ༢༠༡༠ ཟླ ༥ ཚེས ༡༠ ལ།།