ང་དུས་བབ་ཚང་ནས་ཕྱིར་འཕུད་བཏང་ཡང་འགྲིག་གི་ཡོད།

རྩོམ་སྒྲིག་པ་ལགས་ཀྱི་བསམ་ཚུལ་དེ་ལས་ཁ་ཤས་ཤིག་གཏན་ནས་གནས་ལུགས་དང་རྒྱུ་མཚན་ཞིག་མཐོང་མ་སོང་། དཔེར་ན། ཟིན་བྲིས་པ་སུ་ཞིག་ཡིན་ཡང་། འདྲ་དཔར་དང་ཁ་བྱང་། དངོས་མིང་བཅས་གསལ་པོ་དགོས་པ་ལས། དེ་མེད་མཁན་དག་ནི་དྲ་ངོས་ནས་ཕྱིར་འཕུད་གཏོང་རྒྱུ་ཡིན་ཟེར་བ་དེ་རེད།

སྤྱིར་བཏང་ཟིན་བྲིས་པ་སུ་ཞིག་ཡིན་ཡང་། ཐོག་མར་དུས་བབ་ཚང་ལ་ཐོ་འགོད་བྱེད་དུས་སུ། དྲ་བའི་ཁ་བྱང་མེད་པར་ཐོ་འགོད་བྱེད་མི་ཐུབ་པ་ནི། དུས་བབ་ཚང་གི་ལོས་མཁྱེན་ལ། ནང་དགོས་སུ་ཟིན་བྲིས་པ་དེ་དག་གིས་ཀྱང་གནས་ལུགས་དེ་ཤེས་ཡོད་པ་རེད། དེ་ཡིན་དུས། སྐད་ཆ་བདག་པོ་མི་རྒྱག་པར་ཚིག་ཚོད་མེད་དུ་གསུངས་མཁན་དག་ལ་དུས་རྒྱུན་དུ་འགན་འཁུར་མི་ལེན་མཁན་དེ་དག་ནི། དུས་བབ་ཚང་མིན་པ་དང་། སྐྱེ་བོ་སྒེར་སོ་སོ་ཡིན་པར་གསལ་བསྒྲགས་བྱས་པ་ཡིན་ན། དེ་ཡི་འཐུས་པ་ཡིན།

གལ་སྲིད། མི་མང་བོ་ཞིག་གིས་ཟིན་བྲིས་པ་དང་མཆན་བུ་བ་གང་རུང་ཞིག་དུས་རྒྱུན་དུ་སྤུན་ཟླ་ནང་ཁུལ་དུ་དཀྲུགས་ཤིང་གཏོང་མཁན་དང་སྐད་ཆ་ལ་གཏན་ནས་འགན་ལེན་མི་བྱེད་མཁན་དེ་འདྲ་བྱུང་བ་ཡིན་ན། དུས་བབ་ཚང་ནས་ཟིན་བྲིས་པ་དེ་ཡི་མིང་ནས་བོས་དེ། ཟིན་བྲིས་པ་འདིའི་དུས་རྒྱུན་དུ་ཟིང་ཆ་སློང་བ་དང་ཚིག་ཚོད་མེད་དང་རྒྱུ་མཚན་མེད་པ་རྐྱང་བཤད་ཀྱི་འདུག་ན། དྲ་ཐོག་གི་སྤུན་ཟླ་ཡོངས་ཀྱིས་ག་རེ་བསམ་གྱི་འདུག ཟེར་ནས་འོས་བླུགས་སྣོད་ཅིག་བཞག་པ་ཡིན་ན་ཡག་པོ་ཡོད་པར་འདོད།

དེ་མིན་བོད་ཀྱི་དུས་བབ་འདི་ནི་བོད་མི་མང་གི་རྩ་དོན་ཆེད་དུ་བོད་མི་གནད་ཡོད་སྒེར་བ་མི་ཉུང་བ་ཞིག་གིས་དཀའ་ལས་བརྒྱབ་དེ། དེ་རིང་གི་བར་དུ་ཚེ་སྲོག་སྲུང་དེ་ཡོང་བ་དེ་ཡང་མུ་མཐུད་དུ་གནས་ཀྱང་། གནས་དོན་མ་ཆོད་པ་ཞིག་བྱུང་བ་ཡིན་ན། དངོས་ནས་སེམས་ཕམ་པོ་རེད། ཕྱོགས་གཅིག་ནས་ང་དང་འདྲ་བའི་སྤུན་ཟླ་མི་ཉུང་བ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་བསྡད་ཡོད་སྟབས། སྒེར་ལ་བོད་ཡིག་གི་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་དེ། ཡིག་ནོར་བསམ་བཞིན་དུ་འབྲི་བཞིན་མེད་ཀྱང་། ཞུ་དག་གི་དུས་ཚོད་ཀྱིས་མི་འདང་བ་དང་། འཁྲིས་སུ་བོད་ཡིག་ཤེས་མཁན་གྱི་བོད་རིགས་སྤུན་ཟླ་ཡང་དཀོན་པོ་ཡིན་དུས། བོད་ཡིག་གི་དྲ་བ་དག་ནི་རང་གི་དུས་རྒྱུན་གྱི་འཚོ་བའི་ནང་གི་སྐད་ཆ་གླེང་ས་ལྟ་བུ་ཞིག་ཆགས་ཡོད་པ་དེ་ཡང་བསམ་གཞིགས་ཤིག་བྱེད་རན་རེད།

མཇུག་མཐར། ང་རང་ནི་ད་ལྟའི་བར་དུ་སྨྱུག་མིང་འོག་སྡོད་མཁན་ཞིག་ཡིན་ལ། ཕྱིས་ཀྱང་མུ་མཐུད་དུ་སྨྱུག་མིང་འོག་སྡོད་འདོད་ཡོད། གལ་སྲིད། སྨྱུག་མིང་འོག་ནས་བསྡད་པ་དེར་འགྲིག་གི་མེད་པ་ཡིན་ན། ང་རང་དུས་བབ་ཚང་ནས་ཕྱིར་འབུད་བཏང་ཡང་འགྲིག་གི་ཡོད། འོན་ཀྱང་། དུས་བབ་ཚང་གི་ནང་དུ་ཚིག་དོན་གཉིས་ལ་བྱང་ཆ་ཡོད་མཁན་གྱི་སྨྱུག་མིང་འོག་ཏུ་ཡོད་མཁན་གཞན་དག་ལ་ཁྱེད་དུས་བབ་ཚང་གིས་བསམ་བློ་ཞིག་གཏོང་རན་རེད་ལགས།