དགའ་མ་འགུགས་པའི་ལྕགས་ཀྱུ།
ཕར་ལ་ལན་བརྒྱ་རུ་བལྟས་ཀྱང༌༎
ཚུར་ལ་སྤྱན་གཅིག་ཀྱང་མ་གཟིགས༎
ཁྱེད་ལ་ཞེ་ཁྲལ་ཞིག་ཡོད་ན༎
དགའ་བའི་འཛུམ་དཀར་ཞིག་སྟོན་རན༎
ཁྱེད་ལ་བཅིངས་པ་ཡི་བརྩེ་དུང༌༎
རྒྱ་མཚོའི་འཇིངས་ལས་ཀྱང་ཟབ་པའི༎
འཆི་བདག་ཞགས་པ་དེ་བཏབ་ཀྱང༌༎
བསྙབས་ཡོང་བསམ་པ་དེ་མི་འདུག།།
མཛེས་ལྡན་ཡིད་འཕྲོག་གི་དགའ་མ༎
ཐག་རིང་མི་ཡུལ་དུ་མ་བཞུད༎
རྒྱ་གར་ལྷོ་མཐའ་ཡི་ཡུལ་དུ༎
གཏན་དུ་བཞུགས་རྒྱུ་ཞིག་བྱུང་ན༎
རྣམ་རྒྱལ་ཁང་བཟང་དང་འདྲ་བའི༎
སྤྲོས་པའི་སྡོད་ཤག་གི་ནང་དུ༎
གཟུགས་མཐོང་གློག་འཕྲུལ་ཞིག་ལྟ་བཞིན༎
ལྷོད་པོར་བཞུགས་རྒྱུ་ཞིག་ཨེ་སྲིད༎
ཁ་སྤྲོད་བཞུགས་བཀྱག་གི་སྟེང་དུ༎
མཛའ་བརྩེའི་གླེང་མོལ་ལ་རོལ་གྱིན༎
སྐོམ་སེལ་བདུད་རྩི་དང་འདྲ་བའི༎
ཞིམ་མངར་མཆོད་ཆང་དེ་འབུལ་རེས༎
འཇམ་མཉེན་འབོལ་གདན་གྱི་སྒང་ལ༎
འདོད་གཏམ་ལྷུག་པོ་རུ་ཤོད་ཀྱིན༎
གཅིག་ལག་གཅིག་སྐེ་ལ་འཁྱུད་དེ༎
གཟིམ་པའི་དུས་བཟང་ཞིག་སྲིད་དམ༎
སྙིང་ཆུང་འདབ་ལྡན་གྱི་གཡི་སྦྲང༌༎
ཁྱོད་ཞལ་པད་མ་ལ་འཁོར་ནས༎
ལོ་གཅིག་ཧྲིལ་པོ་ཡི་རིང་ལ༎
དགའ་བའི་འཕུར་ལྡིང་དེ་རྩེན་སོང༌༎
ཟུར་མིག་གཡུགས་ཐེངས་ཀྱི་རེ་ལ༎
དམར་ཆུང་སེམས་པ་ཡི་ངོས་སུ༎
རྨ་ཁ་གསར་པ་རེ་སྤྲད་དེ༎
བཟོ་བསྲན་བྱེད་ཐབས་ཤིག་མི་འདུག།།
བདེ་སྐྱིད་དེ་དག་གི་ལམ་ཁ༎
ཕ་མས་དབང་ཡོད་ཀྱིས་བཀག་ཀྱང༌༎
རང་ཐག་རང་གཅོད་ཀྱི་ཐོག་ནས༎
བཀག་རྒྱ་དེ་དག་ལས་ཐར་དགོས༎
དེང་རབས་བརྩེ་དུང་གི་ལམ་དེ༎
རྙིང་སྲོལ་བཀག་རྒྱ་དེ་ཆེ་ཡང༌༎
བརྩི་མེད་རྡོག་རོལ་དུ་བཏང་སྟེ༎
རང་དབང་ཀློང་ཆེན་དུ་བཞུད་ཅིག༎
སྙིང་གཏམ་འཛེམས་མེད་དུ་འཆད་ཀྱང༌༎
དྲང་གཏམ་ཡིད་ཆེས་དེ་མེད་ཚེ༎
ནོར་བུའི་གླིང་ཡུལ་དུ་ཕྱིན་ཏེ༎
ལག་སྟོང་ལོག་པ་དང་མཚུངས་སོ༎
ཡང་གཅིག་ཚུར་ལ་ཞིག་གསོན་དང༌༎
དཀྲོགས་གཏམ་འདྲ་མིན་དེ་མ་ཉན༎
དཀྲོགས་གཏམ་འདྲ་མིན་དེ་གསན་ཚེ༎
ཐ་མའི་ཐག་གཅོད་དེ་ཡོང་དཀའ༎
བཅོས་མའི་འཛུམ་མདངས་ལ་བལྟས་ཏེ༎
ཕོ་གསར་གང་བྱུང་གི་རྗེས་ལ༎
མཛེས་མའི་ལ་རྒྱ་དེ་དོར་ནས༎
ཁྱི་བཞིན་རྒྱུག་པ་དེ་མ་གནང༌༎
བྱེད་རྒྱུ་ལས་རྒྱུ་དེ་མང་ན༎
ཆ་འཇོག་བྱེད་མཁན་དེ་དཀའ་ཞིང༌༎
དེས་ན་ལས་འབྲེལ་གྱི་གྲོགས་དང༌༎
ཕྱི་ཐག་ཡུན་རིང་དུ་བསྲིང་དགོས༎
སེམས་དཀར་ལུས་དྲང་གི་གཏམ་དེ༎
མཚང་ལ་ཕོག་པ་རེ་སྲིད་ཀྱང༌༎
དཔྱོད་ལྡན་མཛངས་མ་ཞིག་ཡིན་ཕྱིན༎
མཁས་པའི་འབེལ་གཏམ་དུ་བླངས་ངེས༎
གནས་ལུགས་དེ་ལྟར་ཤེས་རྗེས༎
བསམ་ཡོད་བསམ་ཤེས་ཤིག་བྱས་ཏེ༎
བུ་ངའི་རེ་དོན་དེ་གང་མགྱོགས༎
སྐང་བའི་དངོས་གྲུབ་དེ་རྩོལ་རོགས༎
བཞིན་བཟང་ཡིད་འཕྲོག་གི་དགའ་མ༎
དམན་ཆུང་བུ་མོ་དེ་མང་ཡང༌༎
ལྷད་མེད་བརྩེ་དུང་གི་མདུད་པ༎
གཏན་དུ་ཁྱེད་རང་ལ་བཅིངས་ཡོད༎
༢༠༠༡ ཟླ་ ༦ ཚེས་ ༡༣ ཉིན།
གྲོགས་པོ་ཕོ་གསར་ཞིག་གིས་བུ་མོ་ཞིག་ལ་སེམས་པ་ཤོར་རབས་ཤིག་བཤད་རྗེས་བྲིས།