ཨ་རིའི་ཁུལ་དུ་༧གོང་ས་མཆོག་གི་མཛད་འཕྲིན།

ཚེས་༡༤ ཉིན་བོད་སོག་ནང་པའི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་ཨ་ཀྱཱ་རིན་པོ་ཆེ་གཙོས་དགེ་འདུན་པ་དང། མི་མང་རྣམས་ཀྱིས་ཆིབས་བསུ་ཟབ་རྒྱས་ཀྱིས་ཁུལ་དེར་ཡོད་པའི་སློབ་གྲྭ་ཆེན་མོ་ཞིག་གི་ཚོགས་ཁང་ཕལ་ཆེར་མི་སུམ་སྟོང་ལྷག་ཤོང་བ་ཞིག་གི་ནང་དུ་ཤེས་རབ་སྙིང་པོའི་སྐོར་གྱི་གསུང་ཆོས་གནང་ཡོད་པ་རེད། ཁུལ་དེར་ཉིན་གཉིས་རིང་གསུང་ཆོས་གནང་ཡོད་པ་དང། ཉིན་ཕྱེད་རིང་མི་མང་ཁྲི་གཅིག་ཙམ་ལ་བཀའ་སློབ་གནང་དོན། དངུལ་དང་དཔལ་འབྱོར་གྱི་དགོས་མཁོ་དེ་གལ་ཆེན་པོ་ཡིན་རུང་དེ་ནི་མི་ཚེའི་དགོས་དོན་མཐའ་མ་མིན། མི་ཚེའི་ནང་དངུལ་དང་དཔལ་འབྱོར་གྱི་དགོས་མཁོ་གལ་ཆེན་ཞིག་ཡིནའང༌། མི་ཚེའི་ནང་དགོས་མཁོ་དེ་ལས་གལ་ཆེ་བ་མང་པོ་ཡོད། གལ་ཆེ་ཤོས་ཤིག་ནི་མི་ཚེ་དྲང་ལྡན་བྱེད་རྒྱུ་དེ་ཡིན། མི་ཚེ་དྲང་ཚུགས་ལྡན་པའི་ཐོག་བསྐྱལ་ཐུབ་ན། རང་གི་ཀུན་སྤྱོད་དེ་དག་སྦས་གསང་གང་ཡང་བྱེད་མི་དགོས་པར་སྐད་ཆ་གང་བཤད་ཀྱང་དྲང་པོ་དྲང་བཞག་ཤོད་ཐུབ་མཁན་ཞིག་ཡོང་གི་རེད། དེ་ལྟ་བུའི་གཤིས་སྤྱོད་ལ་གཞན་གྱིས་གུས་བརྩི་དང་ཡིད་ཆེས། འཆམ་མཐུན། མཉམ་གནས་ཀྱི་འཚོ་བ་ཞིག་སྐྱེལ་ཐུབ་ཀྱི་རེད་ཅེས་དང༌།
ྋགོང་ས་མཆོག་གིས་མུ་མཐུད་བཀའ་གནང་དོན། གོ་མཚོན་ལ་བརྟེན་པའི་ནུས་ཤུགས་ཀྱིས་འཇིགས་སྣང་དང་ཡིད་ཆེས་མེད་པའི་ཚོར་སྣང་ཞིག་བསྐྲུན་རྒྱུ་ལས་མཐུན་སྒྲིལ་གྱི་ཁོར་ཡུག་གཅིག་གཏན་ནས་བསྐྲུན་མི་ཐུབ། མིའི་མི་ཚེའི་གཞི་བརྟེན་གཙོ་བོ་ནི་ཕན་ཚུན་ཡིད་ཆེས་དང་གུས་བརྩི་སོགས་ཡིན་སྟབས་དེ་ལ་བརྟེན་པའི་སྤྱི་ཚོགས་ཤིག་བསྐྲུན་དགོས། དེང་སྐབས་འཛམ་གླིང་ནང་རྡུལ་ཕྲན་གྱི་གོ་མཚོན་མེད་པ་བཟོ་རྒྱུའི་སྐད་ཆ་ཤོད་འགོ་ཚུགས་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན། འོན་ཀྱང་ཕྱིའི་གོ་མཚོན་གྱི་དངོས་པོ་དེ་དག་མེད་པ་བཟོ་རྒྱུར། དང་ཐོག་ང་ཚོས་སོ་སོའི་སེམས་ནང་གི་དྲག་ཟིང་གི་ཚོར་བ་དེ་དག་མེད་པ་བཟོ་ཐབས་བྱེད་དགོས། ཞེས་བཀའ་གནང་འདུག མཐར་༸གོང་ས་མཆོག་གིས་ཨ་རིའི་རྒྱལ་ཁབ་འདི་འཛམ་གླིང་འདིའི་ནང་ཆེས་གནད་འགག་ཅན་གྱི་རྒྱལ་ཁབ་གཅིག་ཡིན་པས། ཨ་རིའི་གཞུང་དམངས་གཉིས་ནས་རྒྱལ་སྤྱིའི་གནད་དོན་ཐད་འགན་ཁུར་ཆེ་ཙམ་ཁུར་དགོས་ཀྱི་རེད་ཅེས་རེ་འདུན་ཡང་མཛད་ཡོད་པ་རེད།
གཞན་ཡང་ཁ་ཆེའི་མཁས་པ་ཞིག་གིས་བརྩམས་པའི་ཁ་ཆེའི་ཆོས་དང་ནང་པའི་ཆོས་ཀྱི་ཐུན་མིན་ཁྱད་ཆོས་འབུར་དུ་བཏོན་པའི་དཔེ་དེབ་དབུ་འབྱེད་མཛད་ཡོད་པ་རེད་འདུག  
དེ་བཞིན་ཁེ་ན་ཌ་དང། ཨིན་ཌི་ཡ་ན། ཨེ་རི་ཛོ་ན། ནིའུ་ཡོག མེ་ནཱི་སོ་ཊ། ཨེ་ལི་ནོ་ཡ། ཁ་ལི་ཧྥོར་ནི་ཡ་བཅས་ནས་ཕེབས་པའི་བོད་རིགས་དང། སོག་པོ་རྣམས་ཟུར་དུ་༸གོང་ས་མཆོག་ལ་མཇལ་ཞུས་ཡོད་པ་རེད། ༸གོང་ས་མཆོག་གིས་སོག་རིགས་རྣམས་ལ་ནང་ཆོས་སྦྱོང་སྐབས་བོད་ཡིག་མ་ཤེས་པའི་དཀའ་ངལ་ཡོང་གི་ཡོད་ན། དབྱིན་ཡིག་ཏུ་བསྒྱུར་བའི་ནང་ཆོས་ཀྱི་དཔེ་ཆར་བལྟས་ན་ཆོག་པ་དང། སྤྱིར་བོད་ཡིག་སྦྱངས་ཐུབ་ན་ཡག་པོ་ཡོད་སྐོར་བཀའ་གནང་ཡོད་པ་རེད། དེ་བཞིན་བོད་རིགས་རྣམས་ལ་བོད་རིགས་མཚན་ཉིད་ཚང་བ་ཞིག་དགོས་པ་ལ་བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་བཅས་ལ་སྦྱངས་པ་དགོས་པ་འི་སྐོར་དང། དེང་སྐབས་བོད་རིགས་གཞོན་སྐྱེས་ཁྲོད་བོད་ཡིག་སྦྱོང་རྒྱུར་དོ་སྣང་ཆེ་རུ་འགྲོ་ཡི་ཡོད་པ་དེར་བསྔགས་བརྗོད་གནང་བ་དང་འབྲེལ། གལ་སྲིད་རང་དབང་ལུང་པར་ཡོད་པའི་བོད་པ་རྣམས་ཀྱིས་རང་གི་སྐད་ཡིག་དང་རིག་གཞུང་ལ་སྦྱང་བརྩོན་མ་བྱས་པ་ཡིན་ན། བོད་ནང་དུ་དཀའ་ངལ་མང་པོར་གདོང་ལེན་བྱེད་བཞིན་རང་གི་རིག་གཞུང་དང། སྐད་ཡིག་སྲུང་སྐྱོབ་བྱེད་ཆེད་སྦྱང་བརྩོན་བྱེད་མཁན་གྱི་བོད་མི་དེ་དག་སེམས་ཤུགས་ཆག་གཞིར་འགྱུར་རྒྱུ་ཡིན་སྐོར་དང། དེང་སང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་ཚོས་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་པ་དེ་བློ་སྤོབས་སྐྱེ་དགོས་པ་ཞིག་རེད་ཅེས་བཀའ་གནང་འདུག ༸གོང་ས་མཆོག་གིས་མུ་མཐུད་སྤྱིར་ནང་ཆོས་ལ་སྦྱངས་ཟེར་དུས་ཆོ་ག་ཕྱག་ལེན་ཤེས་པ་ཙམ་གྱིས་འགྲིག་གི་མེད་སྐོར་དང། དམིགས་བསལ་བོད་མི་རྣམས་ལ་བོད་ནང་གི་བོད་མི་རྣམས་ཀྱི་ངོ་ཚབ་མཚོན་པའི་ལས་འགན་ཞིག་འཁྲི་ཡོད་པ་དེ་མ་བརྗེད་པ་བྱེད་དགོས་ཞེས་བཀའ་གནང་འདུག
༸གོང་ས་མཆོག་གིས་ཚེས་༡༤ གྱི་སྔ་དྲོ་རྒྱ་རིགས་མཁས་དབང་དང་སློབ་མ་འགའ་ཞིག་ལ་ཐུག་འཕྲད་གནང་བ་མ་ཟད། ཉི་ཧོང་གི་དད་ལྡན་པ་འགའ་ཞིག་ལ་ཐུག་འཕྲད་མཛད་ཡོད་འདུག ད་དུང་གསར་འགོད་ལྷན་ཚོགས་ཤིག་སྐོང་འཚོག་གནང་བའི་ནང་ཕྱི་རྒྱལ་གྱི་གསར་འགོད་པ་རྣམས་ཀྱི་དྲི་བར་བཀའ་ལན་ཡང་གནང་ཡོད་པ་རེད། སྐབས་དེར་༸གོང་ས་མཆོག་གིས་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེའི་ཡང་སྲིད་ལོ་རྗེས་མ་ནས་འགོ་འཛུགས་རྒྱུ་ཡིན་སྐོར་བཀའ་གནང་ཡོད་འདུག
ཚེས་༡༤ ཉིན་ནས་ཨིན་ཌི་ཡ་ནའི་ཁུལ་གྱི་༸གོང་ས་མཆོག་གི་མཛད་འཕྲིན་ཁག་ལེགས་གྲུབ་བྱུང་ཡོད་པ་དང། དེ་རྗེས་ཨ་རིའི་ཝི་སི་ཀོན་སི་མངའ་སྡེ་དང། ནིའུ་ཡོག་སོགས་མངའ་སྡེ་ཁག་ཅིག་གི་ནང་དུ་ཆིབས་བསྒྱུར་གྱིས་གསུང་ཆོས་གནང་རྒྱུ་དང། མི་མང་ལ་བཀའ་སློབ་གནང་རྒྱུ། ནང་ཆོས་དང་ཚན་རིག་སྐོར་གྱི་ཚོགས་འདུ་ཁག་ཅིག་ཏུ་ཕེབས་རྒྱུའི་མཛད་འཆར་ཡོད་པ་རེད།།