ཅིའི་ཕྱིར་བཞི་གཅིག་བཞི་ཡི་རྐྱེན་ངན་འདི་ ང་ཚོ་མྱངས་དགོས་སམ།

ངོ་མ་ཇི་འདྲའི་ཟློག་ཏུ་མེད་པའི་རྐྱེན་ངན་ཞིག་ང་ཚོས་མི་འདོད་བཞིན་བགྲོད་དགོས་ཨང་། ང་ཚོར་འགྲོ་བ་མི་ཡི་ཀུན་སྤྱོད་ཀྱི་ཐོབ་ཐང་མེད་ཁར་ང་ཚོའི་ཡིད་ལ་བརྣག་པའི་འདོད་དོན་གྱི་རེ་འབྲས་དེ་བས་ཀྱང་མངོན་དུ་མ་གྱུར་ལ་ཐ་ན་ང་ཚོའི་ཕ་མེས་ཡབ་མེས་ཀྱི་དུས་ནས་ད་ལྟ་བར་མིག་འབྲས་ལྟར་གཅེས་ཤིང་བསྲུང་བའི་རིན་བྲལ་གྱི་བཅུ་ཕྲག་རིག་གཞུང་ཉིང་བཅུད་བརླག་པ་ནི་ཡིད་ཕངས་པ་ལ།

བྲག་སྲིན་ཀྱི་རིགས་རྒྱུད། བྱམས་ལྡན་གྱི་མི་རིགས།

སྙིང་རྗེ་ཡི་བདག་ཉིད། གངས་ཅན་པ།

ངོ་མ་ཅིའི་ཕྱིར་ང་ཚོར་འགྲོ་བ་གཞན་ཀྱིས་མཐོང་ལམ་དུ་མ་གྱུར་པའི་དྲག་གནོན་དང་གདུག་རྩུབ་འོག་སྡུག་བསྔལ་མནར་གཅོད་ཀྱི་རྒྱུན་ཆད་མ་མྱོང་བ་དང་། ང་ཚོའི་མི་རིགས་ཤི་གསོན་གྱི་དབྱེ་འབྱེད་མི་ཐུབ་པའི་སོ་མཚམས་ལ་སླེབས་ཏེ་འགྱེལ་ས་ནས་ཡར་ལངས་མི་ཐུབ་པའི་སྐྱོ་ངལ་མ་སངས་པའི་ཉིན་ཞིག་འདིར། ང་ཚོས་ཡིད་ཆེས་དང་དུང་བ་ཟབ་པའི་སྒོ་ནས་ཕ་ས་མ་མཚེར་ཞེས་དགའ་ཞེན་ལྷད་མེད་ཀྱི་ཡུལ་དུ་མཆིས་པ་་གངས་ལྗོངས་ཀྱི་ས་ཡི་འབྱུང་བ་དྲག་ཏུ་ཁྲོས་ཏེ་སྐར་ཆ་འགའི་ནང་ཡུལ་ཤུལ་མི་མང་གི་ཚེ་སྲོག་སྟོང་ཕྲག་དུ་མའི་རྒྱུ་ལམ་ཀྱང་དུམ་པར་བཅད་སོང། རང་ས་ལ་དུང་ཞེན་དང་ཡིད་ཆེས་ཀྱང་ཉིན་དེ་བཟུང་བརླག་སོང་ལ་ཉིན་དེ་ནས་བཟུང། ས་གཞི་ཆེན་པོའི་ཕྱོགས་བཞི་མཚམས་བརྒྱད་གང་སར་སྨྲ་སྔགས་དང་མིག་ཆུའི་ཁྲོད་ན་འདས་པོ་ལ་རྗེ་དྲན་དང་ཤུལ་ལྷག་ལ་སེམས་གསོ་བྱེད་བཞིན་འདུག ཆེས་གཅེས་སུ་འོས་པའི་ས་དྲུག་བོད་པ་ཚང་གི་སྤུན་ཟླ་རྣམས་འདི་ལྟར་བཞུད་སོང་བ་ངོ་མ་འཕང་བ་ལ།

བྲག་སྲིན་ཀྱི་རིགས་རྒྱུད། བྱམས་ལྡན་གྱི་མི་རིགས།

སྙིང་རྗེ་ཡི་བདག་ཉིད། གངས་ཅན་པ། ངོ་མ་ཅེའི་ཕྱིར་ང་ཚོའི་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་སེལ་མི་ཐུབ་པའི་གནད་དོན་དང་རྒྱུ་མཚན་གང་ལ་ཐུག་གམ། ང་ཚོ་ནི་ཕ་རྒྱུད་བྱང་སེམས་སྤྲེལ་ལས་མཆེད་ཅིང་བྱམས་པ་དང་སྙིང་རྗེ། བཟོད་སྒོམ་དང་གཞན་ཕན་སོགས་ལྷན་སྐྱེས་སུ་མངའ་ཞེས་རང་གཞན་ཐུན་མོང་གིས་འདོད་ལ། མ་རྒྱུད་བྲག་སྲིན་ལྷ་མོ་ཞེས་རྗེ་བཙུན་སྒྲོལ་མའི་རྒྱུད་ལས་མཆེད་པ་དང་དཀའ་ཐུབ་དང་སྙིང་རུས་ལྡན་པའི་ཁྱད་འཕགས་ཀྱི་མི་རིགས་ཤིག་དང་འགྲན་བྲལ་གྱི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་ཡིན་སྐད། ད་དུང་ཉམ་ཆུང་གི་ཕ་མ་དང་བཙན་པོ་ཡི་ཁ་གནོན་ཞེས་མི་རབས་ནས་མི་རབས་བར་གསོལ་ཞིང་བཀུར་བའི་ཆོས་སྐྱོང་གི་ཚོགས་དང་འབྱོར་བ་འདྲེན་པའི་ནོར་ལྷ་དང་ནད་མུག་སྒྲོལ་མཁན་གྱི་སྨན་བླ་དང་། ས་ལྷ། ཆུ་ལྷ། རླུང་ལྷ། མེ་ལྷ་སོགས། མདོར་ན་བོད་ཡུལ་གྱི་གཞི་གྲུབ་ཀྱི་དངོས་པོ་ཡོད་ཚད་བདག་གཉེར་དང་བསྲུང་སྐྱོབ་བྱེད་མཁན་ལྷ་མཆོག་རེ་ཡོད་ཚོད་འདུག་ཀྱང་ད་སྔོན་བོད་ཀྱི་གོད་ཆག་ཆེ་ཆུང་གི་རྒྱུན་ཆད་མ་མྱོང་བའི་སྐབས་སུ་ལྷ་སྲུང་རྣམས་གང་དུ་ཡོད་པ་ཡིནནམ་སྙམ།

དཔེར་མཚོན་ཙམ་བཞག་ན། ལྔ་བཅུ་ང་དགུའི་གསུམ་པའི་ཚེས་བཅུ་ཤར་དང་། ཉིས་སྟོང་བརྒྱད་ཀྱི་གསུམ་པའི་ཚེས་བཅུ་ཤར། ཉིས་སྟོང་བཅུའི་བཞི་པའི་ཚེས་ཤར་སོགས་ཀྱི་བོད་ཀྱི་གོད་ཆག་དང་ཟློག་ཏུ་མེད་པའི་རྐྱེན་ངན་གཅིག་མཇུག་གཉིས་མཐུད་བྱུང་བའི་སྐབས་སུ།གངས་ཅན་བོད་པ་ཚང་གི་དུས་རྒྱུན་འགྲོ་འགྲོན་ཆེ་ཆུང་ལ་མ་ལྟོས་པར་གསོལ་ཤིང་བཀུར་ཡུལ་གྱི་འདོད་དོན་ལྷུན་གྲུབ་ཀྱི་ལྷ་མཆོག་དང་འཇིགས་སྐྲག་གཡུལ་ས་ནས་སྐྱོབ་མཁན་གྱི་ཡུལ་ལྷ་གཞི་བདག་སོགས་གང་དུ་ཏིང་འཛིན་ལ་བཞུགས་བསྡད་པ་ཡིན་ནམ། གནའ་མི་བོད་པ་རྒན་པོ་ཚོས་བཤད་སྲོལ་ལྟར་ན་ལྷ་སྲུང་རྣམས་ལ་འབོད་བསྐུལ་བྱེད་སྐབས་གནོན་པོ་ཚང་གི་སོ་འོག་ལ་མ་མངགས།མགྱོགས་པོ་ཚང་གི་བང་འོག་ལ་མ་མངགས།མཁས་པ་ཚང་གི་ལྕེའི་འོག་ལ་མ་མངགས་འདོད་དོན་སྒྲུབ་མཁན་གྱི་ལྷ་སྲུང་ཚོ་ཞེས་ཇི་ལྟར་རེ་བསྐུལ་ཡོད་མོད།འོན་ཀྱང་ཚེ་གང་བསངས་གསོལ་མཆོད་འབུལ་བྱ་ཡུལ་གྱི་དངོས་ཡོད་དངོས་མེད་རྣམས་ཀྱིས་ལྷ་སྲུང་ཚོ་ཅིའི་ཕྱིར་ལོ་འདིར་ཡུལ་ཤུལ་བོད་མི་སྤུན་ཟླའི་དལ་རྟེན་སྟོང་ཕྲག་དུ་མ་དུས་གཅིག་ཏུ་ས་ཡི་འབྱུང་བས་འཕྲོགས་ཏེ་འཇིགས་ཤིང་ཡ་ང་བ་དང་ཐོང་ཐོས་མི་འདོད་པའི་རྐྱེན་ངན་ཞིག་གིས་འཇིག་རྟེན་འགྲོ་བ་མི་ཡི་སེམས་ལ་འདི་ལྟར་རྨ་ཁ་བསུབ་མི་ཐུབ་པ་ཞིག་དང་གོད་ཆག་བརྗེད་མི་སྲིད་པ་ཞིག་བཟོས་པར་བསྲུང་སྐྱོབ་ལ་མ་ཕེབས་པ་གང་ཡིན་ནམ།

འཇིག་རྟེན་ལས་འདས་དང་མ་འདས་པའི་ལྷ་མཆོག་རྣམས་ལ་བསངས་གསོལ་རླུང་རྟ་ཉུང་དྲགས་ནས་ཐུགས་རྗེ་སྤྱན་གྱིས་མ་གཟིགས་པ་ཡིན་དང་། ཡང་ན་མགོ་ནག་བོད་པ་ཚང་གི་སྙིང་རྗེ་དང་གཞན་ཕན་ལས་འབྲས་བརྩི་བསྲུང་སོགས་ཀྱིས་མ་འདང་བ་ཡིན་ནམ།

སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༧ ལ།།