ཨ་རི་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ།

 

དེ་ཡང་ཟླ་འདིའི་ཚེས་༡༥ ཉིན་ཨེ་པི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རིའི་གཞུང་དང་རྒྱ་ནག་གཞུང་གཉིས་དབར། ཉིན་གྲངས་༢ རིང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲོས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དེ་ནི། ༢༠༠༢ ནས་ད་ལྟའི་བར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཚོགས་འདུ་གཉིས་པ་དེ་ཆགས་ཡོད་འདུག།ཚོགས་འདུའི་དེའི་ནང་ཨ་རིའི་ཕྱོགས་ནས་ཕོ་བྲང་དཀར་པོ་དང་གྲོས་ཚོགས་གོང་འོག  དཔལ་འབྱོར་ལས་ཁུངས། ཁྲིམས་ཞིབ་ཁང། ནང་སྲིད་ལས་ཁུངས་བཅས་ཀྱི་འཐུས་མི་སླེབས་ཡོད་པ་དང། རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་འབྲེལ་ལམ་མཐུན་ཚོགས་ཀྱི་འགན་འཛིན་ཧྲན་ཤུས་ཟེར་བས་འགོ་འཁྲིད་དེ། སྡེ་ཚན་མི་འདྲ་བ་ཁག་༩ ཙམ་གྱི་འཐུས་མི་སླེབས་ཡོད་པ་རེད། སྐབས་དེ་དང་བསྟུན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཐུས་མི་གཉིས་ཀྱང་འཛུལ་ཞུགས་བྱས་ཡོད་འདུག

ཨ་རིའི་རྒྱལ་དོན་དྲུང་ཆེའི་ལས་རོགས་མཱེ་ཁལ་པཱོ་སི་ནར་གྱིས་གསར་འགོད་པར། ཉིན་༢ རིང་གི་ལྷན་ཚོགས་དེས་ཆབ་སྲིད་དང་གནད་དོན་གཞན་ཁག་ལ་འགྱུར་བ་གང་ཡང་གཏོང་ཐུབ་མེད་ཀྱང། ཕྱོགས་གཉིས་ཀྱི་ལས་དོན་རིམ་གྱིས་རྒྱུན་སྐྱོང་ཐུབ་པའི་རྨང་གཞི་འཇོག་ཐུབ་ཡོད་པ་རེད། ལོ་རྗེས་མ་པེ་ཅིང་དུ་ལྷན་ཚོགས་འདི་འདྲ་བ་ཞིག་འཚོགས་རྒྱུ་ཡིན་པ་དང། ཟླ་བ་འདིའི་ནང་པེ་ཅིང་དུ་དཔལ་འབྱོར་དང། བདེ་འཇགས་ལྷན་ཚོགས་ཤིག་ཀྱང་འཚོགས་གཏན་འཁེལ་ཡོད་པ་རེད་ཅེས་གསུངས་འདུག

གྲོས་མོལ་དེའི་སྐབས་བོད་དང། ཡུ་གུར་སོགས་ཀྱི་སྐོར་གླེང་སློང་བྱུང་ཡོད་ཀྱང། ཕྱོགས་གཉིས་ཀའི་དྲིལ་བསྒྲགས་ནང་གང་ཡང་བརྗོད་མེད་པ་དང། གཞན་ཨ་རིའི་གཞུང་ཕྱོགས་ནས་ལོ་གྲངས་༡༡ ཁྲིམས་ཐག་བཅད་ཟིན་པའི་རྒྱ་རིགས་རྩོམ་པ་པོ་ལིའུ་ཤའོ་བྷོ་དང། རྒྱ་རིགས་ཁྲིམས་རྩོད་པ་གྷའོ་ཧྲིན་ཤིན་གཉིས་ཀྱི་སྐོར་གྲོས་མོལ་བྱས་ཡོད་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང།  ཝ་ཤིན་ཊོན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཝང་པའོ་ཏོང་ཟེར་བས། ང་ཚོའི་ངོས་ནས་གྲོས་མོལ་འདི་འདྲ་བ་རིམ་བརྒྱུད་ཀྱིས། ཨ་རྒྱ་ཕྱོགས་གཉིས་དབར་འབྲེལ་ལམ་ཇེ་བཟང་དུ་འགྲོ་རྒྱུར་ཡིད་ཆེས་ཡོད་ཅེས་བརྗོད་ཡོད་འདུག

ཨ་རི་ནང་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཊོ་ཌི་སི་ཊིན་གྱིས། རྒྱ་ནག་ནང་ཆབ་སྲིད་ཀྱི་དྲག་གནོན་ཆེ་རུ་འགྲོ་བཞིན་ཡོད་པ་དང། གལ་སྲིད་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་འདོད་ཡོད་ན། ཟླ་འདིའི་ནང་རྒྱ་ནག་ནང་འཚོག་རྒྱུ་ཡིན་པའི་ལྷན་ཚོགས་སྐབས་སུ། འགྲོ་བ་མིའི་ཐོབ་ཐང་གི་སྐོར་དམིགས་བཀར་གྱིས་གླེང་སློང་བྱེད་དགོས་ཞེས་སོགས་བརྗོད་ཡོད་པ་རེད།