རང་བྱུང་གནོད་འཚེ་ས་ཡོམ།
་ཁོང་གིས་གསུང་གསལ་ལ་སྡེ་ཚན་འདི་ནི་ཕྱི་ལོ་༢༠༠༧ལོར་བཙུགས་པ་དང།་ལས་ཁང་འདིར་ཨ་རིར་བརྟེན་གཞི་བྱས་པའི་ས་ཡོམ་སྔོན་འགོག་སྡེ་ཚན་གྱི་ལྡི་ལིར་ཡན་ལག་ལས་ཁང་ནས་རྒྱབ་གཉེར་གནང་ཞིང།་དཔེ་མཛོད་དང་བཅས་ཁྱོམས་སྡེ་ཚན་མིང་གསུམ་གྱི་ཐོག་ནས་ལས་ཀ་བྱེད་བཞིན་ཡོད་འདུག་ཉི་རྡོས་གསུངས་གསལ་ལ་སྔོན་ནས་ད་བར་ཧི་མ་ཅལ་མངལ་སྡེའི་རང་རིགས་ཀྱི་སློབ་གྲྭ་ཁག་མང་ཆེར་དུ་ས་ཡོམ་སྐབས་རང་སྲུང་གི་ཐབས་ལམ་ཟབ་སྦྱོང་ཐེངས་མང་སྤྲད་ཡོད་པ་དང།་རྡ་སའི་ཉེ་འཁོར་ཤེས་རབ་དགའ་ཚལ་གླིང་དང་ས་རྭ་མཐོ་སློབ་ཙམ་ལས་གཞན་སློབ་གྲྭ་མང་ཆེར་ཟབ་སྦྱོང་སྤྲད་ཚར་བ་རེད་འདུག་་རྡ་ས་ནི་ཧེ་མ་ཅལ་མངའ་སྡེའི་ས་ཡོམ་གྱི་ལྟེ་གནས་སུ་གནས་ཤིང།་ཕྱི་ལོ་༡༩༠༥ལོར་ཡུལ་འདིར་ས་ཡོམ་གོད་ཆག་ཤུགས་ཆེན་ཐེངས་གཅིག་གིས་མི་གྲངས་ཁྲི་ཚོ་གཉིས་ལྷག་གི་ཚེ་སྲོག་ཤོར་ཡོད་པ་རེད།་གཞན་ལྷོ་ཕྱོགས་གདན་ས་ཁག་དང་སློབ་གྲྭ་གཞིས་ཆགས་ཁག་ཕུད།་ད་དུང་ཡང་ཉི་མ་རྡོ་རྗེ་ལགས་ཀྱིས་རང་ནུས་ཅིག་ཅོག་གིས་ས་ཡོམ་ཉེན་གཡོལ་གྱི་རྒྱུན་ཤེས་སྐོར་ཟབ་སྦྱོང་སྣ་ཚོགས་སྤྲད་བརྩིས་ཡོད་གསུངས་བྱུང།་གོང་གསལ་ནི་ངས་དཔེ་མཛོད་དུ་དེ་འབྲེལ་གྱི་གནས་དོན་རྟོགས་ཕྱིར་རྒྱུ་ཆ་འཚོལ་སྐབས་སུ་བོད་ནང་ས་ཡོམ་གྱི་གནོད་འཚེ་ཕོག་པའི་དུས་ཚོད་དང་ཡུལ་ལུང་རོབ་ཙམ་གསལ་བའི་རྒྱུ་ཆ་ཙམ་ལས་གཞན་མེད་སྟབས།་དེ་མིན་དེའི་སྐོར་ཤེས་རྟོགས་ཡོང་ཕྱིར་གོ་རྟོགས་སྤེལ་མཁན་ལས་བྱེད་མི་སྣ་ཉི་རྡོ་ལགས་སུ་བཅར་བའི་སྐོར་གྱི་གནས་ཚུལ་རེད། སྤྱིར་ན་ས་ཡོམ་ཐད་རྒྱལ་སྤྱིའི་ཆེད་མཁས་ཁགཅིག་ནས་དེ་ནི་མཐའ་གཅིག་ཏུ་འགོག་ཐབས་མེད་པའི་རང་བྱུང་གི་གནོད་འཚེ་ཞིག་ཡིན་ཟེར་ཡང་།་རྒྱ་ནག་ངོས་ནས་སྣ་ཚོགས་ལ་བརྟེན་ནས་་དེར་སྔོན་དཔག་ཐུབ་ཚུལ་གྱི་སྐོར་ཡང་བརྗོད་ཡོད།་འོན་ཀྱང་རང་བྱུང་གནོད་འཚེར་ཐད་ཀར་འགོག་ཐུབ་པའི་ཐབས་ཤེས་ནུས་ལྡན་གང་ཡང་མེད་པ་བདེནའང།་ས་ཡོམ་མ་འབྱུང་སྔོན་དུ་ས་ཁུལ་མི་མང་ནས་སྔོན་ནས་ཉེན་གཡོལ་གྱི་ཐབས་ལམ་ལུགས་མཐུན་དང་འཐུས་ཚང་འབྱུང་མིན་ནི་ས་ཡོམ་གོད་ཆག་རྗེས་སུ་མི་རྒྱུ་གཉིས་ལ་གྱོང་རྒུད་ཀྱི་ཚད་གཞི་ལའང་ཁྱད་པར་ཤིན་ཏུ་ཆེ་བ་དཔེར་ན།་ཉེ་སྔོནཨ་རི་ཉེ་འཁོར་གྱི་མོག་ཤི་ཁོག་རྒྱལ་ཁབ་ནང་ས་ཡོམ་༧།༢གྱི་གོད་ཆག་བྱུང་རྗེས་དེའི་ཕྲོད་དུ་མི་གཉིས་ཤི་རྐྱེན་དང།་བརྒྱ་གྲངས་ལ་རྨས་སྐྱོན་ཆེ་ཆུང་སྣ་ཚོགས་ཕོག་པའི་གསལ་བསྒྲགས་བྱས་ཀྱང།་བོད་ཡུལ་ཤུལ་དུ་ཐོག་མར་ལ་ལས་༦།༩དང་ད་ལྟའི་ཆར་ཡོངས་གྲགས་ཀྱི་༧།༢བྱུང་བའི་ས་ཡོམ་ཕྲོད་དུ་ད་ལྟའི་ཆར་མི་གྲངས་སྟོང་ཚོ་གཉིས་ལྷག་གི་ཚེ་སྲོག་ཤོར་ཤིང།་མི་གྲངས་ཁྲི་ཚོ་བརྒལ་བར་གྱོང་རྒུད་ཚབ་ཆེན་ཕོག་ཡོད།་དེ་མིན་ཐའེ་ཝན་མཚོ་ངོགས་འགྲམ་དུ་༦།༦བཅས་ཀྱི་ས་ཡོམ་བྱུང་ཡང་ད་བར་གནོད་འཚེ་ཕོག་པའི་གསར་གནས་གང་ཡང་མེད་པ་བཅས་ཕྱི་ལོ་༢༠༡༠ཟླ་བ་༤པར་སའི་གོ་ལའི་སྟིང་ས་ཡོམ་གྱི་རང་བྱུང་གནོད་འཚེ་རིམ་པར་བྱུང་བ་དག་གཅིག་མཚུངས་ཀྱི་གྲངས་ཚད་མཐོན་པོ་ཡིན་ཡང།་དེ་རྗེས་མི་ཤི་རྐྱེན་འདས་དང་མི་རྒྱུ་གཉིས་ལ་གོད་ཆག་གི་ཁྱབ་ཁོངས་དང་གྲངས་ཀ་ལ་་ཧེ་བག་ཆེན་པོ་ཡོད་པ་ནི་ང་ཚོས་མཐོང་བཞིན་པའི་གནས་སྟངས་དངོས་ཡིན།་
སྐར་མ་བཅུའི་སྔོན་དུ་ས་ཡོམ་འབྱུང་མིན་རྟགས་ཐབས།
བག་ལྷོད་ལྷོད་ཀྱིས་འཇིག་རྟེན་པའི་མི་རྣམས་ལ་བདེ་སྐྱིད་དང་བག་ཡངས་ཀྱི་འཚོ་བའི་ཁོར་ཡུག་ཅིག་ཤིན་ཏུ་མཁོ་ནའང།་མིའི་གཤིས་ངན་གྱིས་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་བཏང་བའི་མཇུག་འབྲས་ལ་གཙོ་བོར་བརྟེན་ནས་་ས་གཞི་ཨ་མ་ནི་ད་ལྟའི་ཆར་གཟུགས་ཕུང་ཡོངས་རྨ་ཡིས་ཁེངས་པའི་ནུས་ཤོར་གྱི་སྐྱོ་མོ་སེང་སེང་མོ་ཞིག་དང་ཅི་ནས་ཀྱང་མཚུངས་སོ།་ཡིན་ཡང་གནས་སྟངས་གང་འདྲ་འོག་ཏུ་ཡོད་ཀྱང་ཚང་མས་ངོས་ལེན་དགོས་པ་གཞན་གྱི་གནས་སྟངས་ཤིག་ཡོད་པ་དེ་ནི་མི་རྣམས་ཀྱི་བློ་གྲོས་སྣ་ཚོགས་ལ་བརྟེན་ནས་འབྱུང་བའི་རང་བྱུང་དང་མིའི་རིགས་ཀྱི་སྣ་ཚོགས་ངན་གཤིས་ལ་ཁ་གཏད་གཅོག་པའི་བློ་གྲོས་ཀྱི་ཐབས་ལམ་དེ་དག་རེད།་རང་བྱུང་ཁོར་ཡུག་ཇི་འདྲ་གདུག་རྩུབ་ཆེ་ནའང་ མིའི་རིགས་ཀྱིས་དུས་དང་དུས་ནས་སོ་སོའི་ཉམས་རྟོགས་ལ་བརྟེན་ནས་དེ་བསྟུན་གྱི་ཐབས་ལམ་བཏོན་ཡོད།
དཔེར་ན་ད་ཐེངས་བོད་ཡུལ་ཤུལ་ཁུལ་དུ་གནས་རིམ་༧།༢དང་ཨ་རིའི་ཉེ་འཁོར་གྱི་མོག་སི་ཁོག་རྒྱལ་ཁབ་གྲོང་ཁྱེར་དུ་གནས་རིམ་༧།༢གྱི་ས་ཡོམ།་དེ་མིན་དེང་སང་ཐའེ་ཝན་དང་།་སླར་ཡང་བོད་ཁམས་མི་ཉག་ཁུལ་དུ་ས་ཡོམ་གྱི་རང་བྱུང་གནོད་འཚེ་འབྱུང་བཞིན་པ་མ་ཟད།་འཛམ་གླིང་འབྲེལ་ཡོད་སྡེ་ཚོགས་ནས་འདི་ལོའི་སའི་གོ་ལ་ནི་ས་ཡོམ་གྱི་དུས་རིམ་ཞིག་ཏུ་གྱར་བཞིན་པ་བཤད་ལ།་མིའི་རིགས་ཀྱིས་ཀྱང་ངེས་པར་དུ་དེ་བསྟུན་གྱིས་སྔོན་འགོག་ཐབས་ལམ་གང་མང་སྤེལ་དགོས་པ་ནི་ང་ཚོས་གོང་གསལ་ས་ཡོམ་གྱི་གོད་ཆག་གཅིག་པ་བྱུང་ཡུལ་ཚོའི་མཐའ་འབྲས་ཀྱི་བྱུང་བབ་ཁྱོན་ནས་མི་མཚུངས་པའི་དངོས་ཡོད་གནས་སྟངས་ཀྱིས་འགྲེལ་བརྗོད་གསལ་ཙམ་བྱས་པས་སོ།་
དེར་བརྟེན་འདིའང་དུས་ཐོག་ཕན་མིན་ལ་མ་ལྟོས་པར་ས་ཡོམ་སྔོན་རྟགས་གཅིག་དང་ཉེན་གཡོལ་གྱི་ཐབས་ལམ་འགའ་་འདིར་བཀོད་པར་ཚང་མས་དོ་སྣང་མཛོད།་
༡།་ས་ཡོམ་རྟགས་ཐབས་གཅིག
ལྕགས་ལེབ་ཅུང་ཆེན་པོ་ཞིག་ཁབ་ལེན་ནམ་ལྕག་འབྱར་སྐུད་པས་བཏགས་པ་ཞིག་ལ་དམ་པོར་བསྡམ་རྗེས་ཁང་པའི་ནང་གི་མཐོ་སར་བཀལ་བ་དང།་དེའི་གཤམ་འོག་ཐད་ཀར་ས་ཕག་གམ་ལྕགས་ཀྱི་སྣོད་ཅིག་བཞག་རྒྱུ་དེ་རེད།་ཐབས་ཤེས་དེས་ས་ཡོམ་མ་འབྱུང་བའི་སྔོན་གྱི་ས་ཕྱོགས་དུམ་ཞིག་ལ་འགྱུར་བ་ཤུགས་ཆེར་ཡོང་རྒྱུ་ཡིན་པ་དང།་ཁབ་ལེན་ནམ་ལྕགས་འབྱར་གྱི་ནུས་པ་ཤོར་རྒྱུ་ཡིན་སྟབས།་དུས་མཚུངས་སུ་ལྕགས་ལེབ་སར་ལྷུང་བའི་དུས་ལྕགས་ཀྱི་སྣོད་ཐོག་ཟག་རྗེས་སྐད་སྒྲ་གྲགས་ཀྱི་ཡོད་པ་རེད།་
ཐབས་ཤེས་འདིས་ས་ཡོམ་གྱིས་ཁང་པ་མ་འགུལ་སྔོན་སྐར་ཆ་བཅུ་ནས་སྐར་མ་བཅུ་བར་ནས་སྐད་བརྡ་གྲགས་ཀྱི་ཡོད།་གལ་ཏེ་ཁབ་ལེན་དེ་སར་ཟག་པ་ཡིན་ན་ས་ཡོམ་ཤུགས་ཆེན་ཡོད་གཏན་འཁེལ་བའི་སྔོན་བརྡ་ཡིན་པ་དང།་ཁབ་ལེན་ལྕགས་ཀྱི་སྣོད་ཐོག་ཟག་པའི་སྐབས་སུ་སྒྲ་ཤུགས་ཆེར་གྲགས་པ་དེས་དུས་ཐོག་མི་ལ་ཉེན་བརྡ་སྤྲད་ཐུབ་པ་དང།་ཁྱེད་ཀྱིས་གྲོགས་པོ་ཡོངས་ལ་འབྲེལ་ལམ་སྣ་ཚོགས་བརྒྱུད་དེ་ས་ཡོམ་མ་འབྱུང་སྔོན་ནས་རྟགས་ཐུབ་པའི་ཐབས་ཤེས་འདི་བརྒྱུད་བསྒྲགས་བྱས་རྗེས་མི་མང་པོའི་ཚེ་སྲོག་སྐྱོབས་ཐུབ་ཀྱང་སྲིད་པས་དེ་དོན་དགོངས་འཇག་ཞུ།་
༢།་ཉེན་གཡོལ་ཐབས་ལམ་འགའ།
༼༡༽ས་ཡོམ་དངོས་སུ་བྱུང་སྐབས་བྲོས་བྱོལ་འགྲོ་རྒྱུ་ཤིན་ཏུ་དཀའ་ཁག་ཡོད་པ་དང།་གལ་ཏེ་བྲོས་པའི་དབང་དུ་སོང་ཡང་ཉེན་ཁ་གཡོལ་ཐུབ་མིན་བརྗོད་དཀའ་བར་བརྟེན།་ས་གནས་རང་ནས་ཉེན་གཡོལ་གྱི་ཐབས་འཚོལ་དགོས་པ་དང།་ཐོག་མར་ཁང་པ་ནང་གནས་མཁན་ཚོས་ངེས་པར་དུ་མེ་ཐབ་དང་ཕུ་ཐབ་།་དེ་བཞིན་གློག་གི་རྒྱུག་ལམ་མཐའ་དག་དེ་མྱུར་བསད་དེ་ས་ཡོམ་མིན་པའི་ཉེན་ཁ་གཞན་རྣམས་འགོག་དགོས།་
༼༢༽ཁང་པའི་ནང་ཡོད་ཚེ་སྒྲོག་ཙེ་འོག་ཏུ་ཡིབ་ཅིང་སྒྲོག་ཙེའི་རྐང་པ་དམ་པོར་འཁྱུད་དགོས་པ་དེ་ནི་ཁང་སྟིང་གི་ས་རྡོ་ཡིས་མིའི ་ལུས་གཟུགས་ལ་གནོད་འཚེ་མི་ཡོང་བའི་ཆེད་དུ་ཡིན།་
༼༣༽།དེ་མིན་བྱང་ངོས་ཟུར་གསུམ་གྱི་སར་ཡིབ་ནས་ཁང་སྟིང་གི་ས་རྡོ་དེ་དག་གིས་མིའི་ལུས་ལ་གནོད་སྐྱོན་མི་ཡོང་བ་བྱེད་དགོས།་ཆེད་ལས་པས་ཟེར་ན་ཟུར་གསུམ་གྱི་གནས་ས་དེའང་སྲོག་སྐྱབས་ཟུར་གསུམ་ས་གནས་ཟེར་གྱི་འདུག་ལ་།་གལ་ཏེ་དུས་ཐོག་ཟུར་གསུམ་གྱི་ཉེན་གཡོལ་ས་ཞིག་དུས་ཐོག་གདམ་ཐུབ་པ་བྱུང་ན་ཚེ་སྲོག་ལའང་གཞན་ལས་འགན་སྲུང་ཆེ་བར་ཡོད་པ་རེད་ཟེར།་
༼༤༽ས་ཡོམ་ནི་ས་གཤིས་ཀྱི་རྐྱེན་པས་ས་འོག་གི་གཏིང་རིང་ཚད་དང་འགུལ་ཤུགས་ལ་རག་ལུས་ཡོད་པ་ཡིན་དུས་དེ་མཚུངས་ཀྱིས་ལྟེ་གནས་སུའང་འགུལ་ཤུགས་ཀྱི་ཚད་མཐོ་ཤོས་འབྱུང་བར་བཤད་ཅིང།་འགུལ་ཤུགས་ཆེན་པོ་དེ་ཅུང་ཙམ་ཡོལ་རྗེས་སུའང་དུས་ཐོག་འགུལ་མཚམས་ཆད་པ་མིན་ལ་ཤུགས་ཚད་ཆེ་ཆུང་སྣ་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་གོར་མའི་དབྱིབས་གཟུགས་ཅན་གྱིས་ཕྱོགས་བཞིར་འགྲམ་འགྲོ་བ་ལྟར་ཡིན་སྟབས།་ལྟེ་གནས་སའི་གནོད་འཚེ་ཤུགས་ཆེན་དེ་ཡོལ་ཙམ་ནས་དེར་ཉེན་ཁའང་ཉུང་དུ་ཕྱིན་པ་ཡིན་དུས།་གལ་ཏེ་ས་ཡོམ་ཕྲོད་ཀྱི་མི་ཞིག་ལྟེ་གནས་འགུལ་ཤུགས་ལས་ཐར་རྗེས་སུ་སླར་ཡང་གཞན་ཕྱོགས་སུ་ཉེན་གཡོལ་ཡིན་ཁུལ་གྱི་བྲོས་པ་ཡིན་ན་དེ་ནི་ནོར་འཕྲུལ་རེད།
༼༥༽ས་ཡོམ་རྗེས་སུ་སྟབས་བདེའི་ཟས་རིགས་དང་སྡོད་གནས་ཀྱི་དཀའ་ངལ་ཆེ་བ་ངེས་པས་དུས་ཐོག་རྩམ་པ་སོགས་དུས་ཐོག་བཟའ་བཏུང་ཆོག་པའི་ཟས་རིགས་དང་སྦྲ་གུར་སོགས་སྔར་ནས་གྲ་བསྒྲིག་ཡོད་ན་བཟང་ལུགས་བརྗོད་ཀྱི་འདུག