རྡ་རམ་ས་ཡི་སྐྱིད་ཉམས།
བར་གྱི་ནགས་ཀློང་དབུས་སུ།། འདབ་ཆགས་་བྱ་རིགས་འདྲ་མིན།།
ཅ་ཅོའི་སྙན་དབྱངས་བསྒྲགས་པས།། ཞི་བདེའི་འཁོར་ཡུག་བསྐྲུན་འདུག།
སྨད་ཀྱི་གྲོང་བའི་མི་རྣམས།། རྒྱ་བོད་མི་རིགས་སྣ་ཚོགས།།
མཐུན་སྒྲིལ་ལག་སྡང་སྤྲེལ་ནས།། བདེ་སྐྱིད་དཔལ་གྱིས་ཕྱུག་འདུག།
དེ་དང་ཉེ་བའི་མཚམས་སུ།། དགའ་བ་བརྒྱ་ལྡན་གཞུང་གི།
མ་ལག་ཡོངས་སུ་ཚང་བའི།། བོད་གཞུང་གསར་བ་ཆགས་འདུག།
བཙན་བྱོལ་བོད་མིའི་གཞུང་འདིར།། བཀའ་སྤྱི་ཁྲིམས་ཀྱི་ལྷན་ཁང་།།
མང་གཙོའི་ཆ་ལག་ཚང་བ།། འབངས་རྣམས་སྤྲོ་བའི་ཁེངས་འདུག།
གཞུང་ཞབས་རྒན་གཞོན་ཟུང་ལ།། ཤེས་ཡོན་རྣམ་དཔྱོད་ལྡན་པ།།
གཤིས་འཇམ་ཚིག་འགྲོས་བཟང་བ།། ཡ་རབས་གོམས་གཤིས་ལྡན་འདུག།
ནོར་གླིང་ཤེས་རིག་གླིང་དང།། ས་ར་མཐོ་རིམ་སློབ་གླིང་།།
ཤེས་རིག་སྐྱེད་ཚལ་རྒྱས་པས།། ལྔ་རིག་གཟི་མདངས་འབར་འདུག།
འཛམ་གླིང་ཞི་བདེའི་དེད་དཔོན།། བོད་མིའི་རྩ་བའི་བླ་མ།།
༧གོང་ས་སྐྱབས་མགོན་ཆེན་པོའི།། མཛད་འཕྲིན་འདི་རུ་རྒྱས་འདུག།
གངས་ཅན་བོད་པ་ཚང་གི། སྐྱིད་སྡུག་ལེགས་ཉེས་ཟུང་གི།
རེ་བའི་འདུན་པ་གཏོད་ས།། ས་ཕྱོགས་འདི་ལ་འཁོར་འདུག།
ཕྱོགས་མཐའི་རྒྱལ་ཁབ་སོ་སོས།། བྱམས་བརྩེའི་རིན་ཐང་ལེན་ས།།
ཞི་བདེའི་ཕུགས་བསམ་བཅོལ་ས།། བཞུགས་སྒར་འདི་རུ་གཏད་འདུག།
ལྷ་ཡི་ཁང་བཟང་འདྲ་བའི།། གངས་ཅན་མགོན་པོའི་གཞུགས་གནས།
བོད་ཀྱི་རྒྱལ་ས་གཉིས་པ།། ཆོས་སྲིད་དཔལ་གྱིས་ཕྱུག་འདུག།
ཨེ་མ་གནས་མཆོག་འདི་ལ།། དོན་ལྡན་མཛེས་སྡུག་བཀྲ་བ།།
མདོ་ཁམས་བུ་ཡི་ངག་ནས།། བསྟོད་པའི་ཚིག་འདི་འབུལ་ལོ།།
སེར་ཤུལ་དཀོན་མཆོག་གིས། བཞུགས་སྒར་རྡ་རམ་ས་ལ་ནས། ཕྱི་ལོ་་༢༠༠༩་་ཟླ་་༨་་ཚེས་་༡་་།།
