གདན་ས་ཆེན་མོ་རྣམ་གྲོལ་གླིང་གི་གསལ་བསྒྲགས་ཤིག
༄༅། །ཕྱོགས་མཐའ་ཁག་ལ་ཕེབས་བཞུགས་གནང་བཞིན་པའི་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་བསླབ་པ་མཐར་སོན་པ་དང་སློབ་གཉེར་བ་ཡོངས་ལ་ཆེད་གསོལ། སྔ་སྲོལ་བཟང་པོ་མི་ཉམས་རྒྱུན་སྐྱོང་གི་ཐོག་ནས་སྟོན་པའི་འདས་ལོ་༢༥༥༤ སྤྱི་ལོ་༢༠༡༠ བོད་རྒྱལ་ལོ་༢༡༣༧ རབ་གནས་ལྕགས་ཕོ་སྟག་ལོའི་བོད་ཟླ་ ༩ ཚེས་༢༢ རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་ཁྱད་པར་ཅན་གཟའ་སྐར་འཕྲོད་སྦྱོར་ཤིན་ཏུ་དགེ་བའི་ཉིན། འཕགས་ཡུལ་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། ༧སྐྱབས་རྗེ་ཞིང་གཤེགས་དམ་པ ༧གྲུབ་དབང་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་བསྐྱེད་བླ་མེད་ལས་འཁྲུངས་པའི་ཆོས་ཀྱི་བསྟི་གནས་ཆེན་པོ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མདོ་འོག་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་དང་། མདོ་གོང་མའི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ཕར་ཕྱིན་རབ་འབྱམས། རྒྱུད་སྡེ་གོང་འོག་གི་རྒྱུགས་སྤྲོད་ཟིན་པ་རྣམས་ལ་ངེས་གསང་ལེགས་བཤད་མཛོད་འཆང་གི་ཕྱག་ཁྱེར་བཅས། སོ་སོའི་གནས་བབ་དང་བསྟུན་ནས་འབུལ་བའི་ཀུན་ཏུ་ཤིས་པའི་རྟེན་འབྲེལ་མཛད་སྒོ་འཛུགས་རྒྱུ་གཏན་ཁེལ་ལགས་ན། སྐུ་ཉིད་ཀྱིས་སྙན་ཞུ་ཁ་གསལ་དང་འབྲེལ་ཕྱག་ཁྱེར་རེ་བཟོ་ཆེད་དུ་ཕྱི་བསྐྱོད་ལག་ཁྱེར་ཚད་ཅན་གྱི་འདྲ་པར་གཉིས་རེ་ལས་མི་ཉུང་བ་འདི་ག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་རྒྱུན་ལས་ཡིག་ཚང་དུ་བོད་ཟླ་ ༧ ཚེས་༢༢ ཕྱི་ཟླ་༨ ཚེས་༣༡ ལས་མ་འགྱངས་པར་ངེས་འཕྲོད་ཡོད་པ་བྱེད་རྒྱུ་དང་། གོང་གསལ་མཛད་སྒོ་དངོས་གཞི་སྐབས་ངོས་བཅར་དགོས་རྒྱུ་ལས་མངག་གཏམ་སོགས་མི་ཆོག་པས་སྐུ་ཉིད་ཐུགས་བྲེལ་དང་སྐུ་ངལ་འཛེམས་མེད་ཐོག་ཕེབས་ཡོང་བ་ཞུ།
སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཡིག་ཚང་ནས། ཕྱི་ ༢༠༡༠་ཟླ་བ་ ༥་ཚེས་༡༠ ལ།
འབྲེལ་བ་གནང་ཡུལ།
Address; N.N.I Office,
Ngagyur Nyingma Institute
P.O. Bylakuppe-571104
Mysore Distt, Karnataka state
South India.
Contact No: 0091-9-9632394601
E-mail: nninstitute1978@yahoo.com