ཨ་རི་དང་རྒྱ་ནག་དབར་ཉིན་ལྔའི་རིང་གི་ལྷན་ཚོགས།
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་པེ་ཅིང་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། ཚེས་༢༣ ནས་འགོ་འཛུགས་ཀྱིས་ཉིན་གྲངས་༥ རིང་ཨ་རྒྱ་གཉིས་དབར་ཆེས་མཐོའི་ལྷན་ཚོགས་ཤིག་པེ་ཅིང་དུ་འཚོག་བཞིན་ཡོད་པ་དང། ལྷན་ཚོགས་དེར་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧིལ་ལ་རི་ཁི་ལིན་ཊོན་དང་ཨ་རིའི་ནོར་སྲིད་དྲུང་ཆེ་རྣམ་གཉིས་ཀྱིས་གཙོས། གཞུང་འབྲེལ་གྱི་མི་སྣ་༢༠༠ ལས་གྲུབ་པའི་སྐུ་ཚབ་སྡེ་ཚན་ཆེད་བཅར་བྱས་ཡོད་པ་དང། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་གཙོས་ཆེས་མཐོའི་དཔོན་རིགས་དང། དཔལ་འབྱོར་ཆེད་ལས་པ་ཁག་གཅིག་ཚོགས་བཅར་བྱས་ཡོད་འདུག
བདུན་སྔོན་མར་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཨ་རྒྱ་གཉིས་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས་དེ་འཚོག་མ་ཐག་ཡིན་ཞིང། སྐབས་དེར་གྲོས་མཐུན་བྱུང་བ་བཞིན་ད་ཐེངས་རྒྱ་ནག་ནང་གི་ལྷན་ཚོགས་འདི་ནི། ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དེ་རྒྱུན་གནས་སྲ་བརྟན་ཡོང་ཆེད་དང། བྱང་ཀོ་རི་ཡའི་རྡུལ་ཕྲིན་བཟོ་སྐྲུན་གྱི་རྙོག་གླེང། འདས་པའི་བྱུང་རིམ་ནང་ཨ་རིས་ཐེ་ཝན་ལ་ཨ་སྒོར་ས་ཡ་མང་པོའི་དམག་གྲུ་དང་གོ་ལག་བཙོང་བ། ༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་མཇལ་འཕྲད་གནང་ནས་རྒྱ་ནག་ལ་ཕོག་ཐུག་སོང་ཡོད་པ་བཅས་ལ་གྲོས་མོལ་གནང་རྒྱུ་ཡིན་པ་དང། དེ་དང་འབྲེལ་ནས་བོད་དང་ཡུ་གུར་སོགས་ཀྱི་གནད་དོན་ལའང་གྲོས་མོལ་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
རྒྱ་ནག་གི་དངུལ་ལོའི་འཛའ་ཐང་དེ་འཕར་ཆག་གང་ཡང་མེད་པ་ལོ་གྲངས་མང་པོའི་རིང་ལ་རྒྱུན་གནས་བྱས་པ་དེས། འཛམ་གླིང་ནང་རྒྱ་ནག་གི་ཚོང་ཟོག་ནང་འདྲེན་བྱེད་མཁན་ཆེ་ཤོས་ཨ་རིའི་ཁྲོམ་རའི་ནང། རིན་གོང་ཆུང་བའི་རྒྱ་ནག་གི་དངོས་ཟོག་ཧ་ཅང་ཕོན་ཆེན་ཁྱབ་བཞིན་ཡོད་པས། ཨ་རིའི་བཟོ་གྲྭ་ཁག་གི་ཐོན་སྐྱེད་དང་བཟོ་པའི་ལས་ཀ་ཤོར་བའི་དཀའ་ངལ་མང་དུ་འགྲོ་བཞིན་ཡོད་པ་དང། དཀའ་ངལ་དེ་དག་སེལ་ཆེད་དུ། རྒྱ་ནག་གཞུང་གིས་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་དངུལ་གྱི་འཛའ་ཐང་ལ་བསྒྱུར་བཅོས་གཏོང་དགོས་པའི་སྐུལ་མ་བཏང་ཡོད་འདུག
རྒྱ་ནག་གི་སྲིད་ཧུའུ་ཅིན་ཐཱའོ་ཡིས། “རྒྱ་ནག་གཞུང་གི་ངོས་ནས་རང་དབང་གི་ཐག་གཅོད་དང་བརྒྱུད་རིམ་ཅན་གྱི་ལམ་ལུགས་འོག་ནས། རྒྱ་ནག་གི་དངུལ་ལོའི་འཛའ་ཐང་གི་སྒྲོམ་གཞི་དེ་རིམ་གྱིས་བསྒྱུར་བཅོས་གཏོང་རྒྱུ་ཡིན་”ཞེས་བརྗོད་ཡོད་ཀྱང། བསྒྱུར་བཅོས་ཀྱི་དུས་ཚོད་ད་ལྟའི་ཆར་གཏན་འཁེལ་བྱས་མེད་པ་རེད།
ཨ་རིའི་ནོར་སྲིད་དྲུང་ཆེ་སྐུ་ཞབས་ཊི་མོ་ཐི་གྷི་ཐི་ནར་མཆོག་གིས། རྒྱ་ནག་གིས་སྲིད་འཛིན་ཧུའུ་ཡིས་རྒྱ་ནག་གི་དངུལ་ལོ་བསྒྱུར་བཅོས་གཏོང་རྒྱུར་ཁས་ལེན་བྱས་པར་བསྟོད་བསྔགས་བཏང་ཡོད་པ་རེད། དེ་ཡང་ཨ་རིའི་ནོར་སྲིད་དྲུང་ཆེས། “མ་འོངས་པའི་དཔལ་འབྱོར་གྱི་ལས་དོན་ཐད་ལ་བསམ་ཚུལ་གསར་པ་ལ་དམ་འཛིན་བྱེད་དགོས་པ་དང། ཁྲོམ་ར་མང་པོ་དར་སྤེལ་གཏོང་སྐབས་བསམ་ཚུལ་གསར་པ་རྣམས་དར་ཁྱབ་འགྲོ་རྒྱུ་ནི་ལམ་ཁ་གལ་ཆེ་ཤོས་ཡིན་ཞིང། སྔར་བྱུང་མྱོང་མེད་པའི་བསམ་ཚུལ་གསར་པ་རྒྱུན་གནས་ཐུབ་ཆེད་དུ། ནུས་སྟོབས་དང་ལྡན་པའི་ཐོག་ནས་སྲུང་སྐྱོབ་བྱེད་དགོས་པས། སྲིད་འཛིན་ཧུའུ་ཡིས་རྒྱ་ནག་གི་དངུལ་ལོའི་འཛའ་ཐང་བསྒྱུར་བཅོས་གཏོང་རྒྱུར་ཁས་ལེན་བྱས་པར་དགའ་བསུ་ཞུ་རྒྱུ་ཡིན་”ཞེས་བརྗོད་ཡོད་འདུག