བཀའ་བློན་ཁྲི་པའི་ཆ་རྐྱེན་ཡོངས་སུ་ཚང་ཡོད།

belkob n d p t 2ཟླ་འདིའི་ཚེས་༣༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སླར་མི་མང་ཚོགས་ཁང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག ས་གནས་བོད་རིགས་མི་མང་བཞི་བརྒྱ་ཙམ་བསྡུ་བསྐོང་གིས་༢༠༡༡ ལོའི་བཀའ་ཁྲི་དང་སྤྱི་འཐུས་ཁག་ཅིག་གི་འོས་མིག་ངོ་སྤྲོད་ཀྱི་གཏམ་བཤད་སྤེལ་སྐབས། བོད་རྒྱལ་ཡོང་མང་གཚོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་“ང་ཚོས་བཀའ་ཁྲི་འོས་མིག་ཏུ་བཏོན་པའི་མཁས་དབང་བློ་བཟང་སེང་གེ་དང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་ལ་ཤེས་ཡོན་དང་འཇོན་ཐང། མཐོང་རྒྱ་ཐོས་རྒྱ་སོགས་ཕྱོགས་ཡོངས་ནས་མ་འོངས་པའི་བཀའ་ཁྲི་བྱེད་པར་ཆ་རྐྱེན་ཡོངས་སུ་ཚང་ཡོད།”ཅེས་གདེང་ཚོད་ཆེན་པོའི་ཐོག་ནས་བརྗོད་སོང་ལ། སྤྱི་འཐུས་ཀྱི་འོས་མིག་རྣམས་ཡང་དོ་བདག་སོ་སོར་བཀའ་འདྲི་བྱས་པ་བརྒྱུད་འོས་མིག་ཏུ་བཞག་པ་ཡིན་ཞེས་བརྗོད་སོང།

ཚེས་༣༡ ཉིན་གོང་ཆུ་ཚོད་༡༢ ཙམ་གྱི་ཐོག་སྦེལ་ཀོབ་ས་སྐྱ་དགོན་པའི་མགྲོན་ཁང་དུ་སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་གསར་འཛུགས་དང། ཚོགས་མི་ལྔ་རྒྱུན་ལས་སུ་འདེམས་བསྐོས་བྱས་སོང། གསར་དུ་འདེམས་ཐོན་བྱུང་བའི་ས་གནས་ཚོགས་གཙོ་སེར་སྨད་བློ་དགའ་ལགས་ཀྱིས་“ས་གནས་སུ་མང་གཙོ་ཚོགས་པ་ཞིག་འཛུགས་རྒྱུར་ངས་འབད་བརྩོན་ཆེན་པོ་བྱས་པ་ཡིན། དེ་ཡང་བཙོ་བོ་ཚོགས་པ་འདི་ང་ཚོའི་སྤྱི་ཚོགས་དང་། བོད་མིའི་འཐབ་རྩོད་ཀྱི་གནས་བབ་འདིར་དགོས་ངེས་དང་། གལ་ཆེན་ཞེ་དྲག་མཐོང་གི་ཡོད་པས་ཡིན།”ཞེས་བརྗོད་སོང་། སྦེལ་ཀོབ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ་འདི་ནི་ཚོགས་པ་དེའི་ས་གནས་ཚོགས་པ་༣༥ པ་དེ་ཡིན་འདུག །

མེ་སོར་གསར་འགོད་པས།