མི་རབས་གསར་པ་ཚོས་དམིགས་བསལ་གྱིས་འགན་ཁུར་དགོས།

དེ་ཡང་༸གོང་ས་མཆོག་གིས་བཀའ་སློབ་གནང་དོན། ང་ཚོས་མི་རིགས་ཤིག་གི་འཐབ་རྩོད་བྱེད་ཀྱི་ཡོད་རེད། མི་རིགས་ཤིག་གི་བདེན་དོན་འཐབ་རྩོད་བྱེད་སྐབས་མི་ཐོག་བརྗེ་འགྲོ་ཡི་རེད། ངའི་མི་ཐོག་ལོ་བདུན་ཅུ་དོན་གྲངས་ལ་སླེབས་བསྡད་པ་ཚོ་ག་ལེར་རྫོགས་འགྲོ་ཡི་རེད། ཁྱེད་རང་ཚོ་ད་ལྟ་ལོ་ཉི་ཤུ་སུམ་ཅུའི་ནང་ལ་ཡོད་མཁན་ཚོ་མི་ཐོག་མཐུད་མཁན་དེ་རེད། དེར་བརྟེན་ཁྱེད་རང་ཚོར་དམིགས་བསལ་གྱི་ལས་འགན་ཞིག་ཡོད་པ་རེད། ང་ཚོའི་མི་རིགས་ཀྱི་ལོ་སྟོང་ཕྲག་གི་ལོ་རྒྱུས་ནང་དུ་ད་ལྟའི་དུས་སྐབས་འདི་གཉེན་འཕྲང་ཆེ་བའི་དུས་ཚོད་ཅིག་རེད། དེར་བརྟེན་ང་རང་ཚོས་མི་རབས་ནས་མི་རབས་བརྒྱུད་ནས་ང་ཚོའི་གཉེན་འཕྲང་དེ་སེལ་ཐུབ་པ་ཞིག་དགོས་པ་རེད། ཁྱེད་རང་ཚོས་སེམས་ལ་འཇོག་དགོས་པ་རེད། ལས་འགན་ཁུར་དགོས་པ་རེད། རིམ་པས་བདེན་མཐའ་གསལ་ཡོང་གི་རེད་ཅེས་དང།

མུ་མཐུད་བཀའ་གནང་དོན། ད་ལྟ་བར་དུ་ང་ཚོས་བདེན་དོན་འཐབ་རྩོད་བྱས་བཞག་པ་དེའི་དགོས་པ་རྒྱུ་མཚན་ག་འདྲ་རེད་འདུག  དེ་ཚོ་ཁྱེད་རང་ཚོས་རྟོགས་པ་བྱེད་དགོས་པ་རེད། འུར་ལངས་ནས་བྱེད་རྒྱུ་ཞིག་མ་རེད། རྒྱ་མིས་སྡུག་པོ་བཏང་བྱུང་ཞེས་སྐད་བརྒྱབ་ནས་རྒྱ་མི་མཐར་བསྐྲོད་དགོས་ཡོད་ཅེས་ལབ་ཀྱང་ཕན་གྱི་མ་རེད། ཁོང་ཁྲོ་བྱས་ནས་རྒྱ་མིའི་འོག་ལ་ནམ་ཡང་སྡོད་ཀྱི་མིན་ཞེས་སྐད་བརྒྱབ་ཀྱང་ལམ་སང་ཕན་ཐོགས་ཡོང་ཐུབ་པ་ཡོད་མ་རེད། སྒྲུབ་དང་མ་སྒྲུབ། ཐུབ་དང་མ་ཐུབ། རན་དང་མ་རན་ཞེས་པ་སོགས་མང་པོ་ལ་བསམ་བློ་གཏོང་དགོས་པ་རེད། དེ་དག་རྟེན་འབྱུང་རེད། རང་དབང་འཐབ་རྩོད་བྱེད་པ་དེ་ཡང་རྟེན་འབྱུང་གི་ལྟ་གྲུབ་ཐོག་ནས་བལྟ་དགོས་པ་རེད་མ་གཏོགས། སྣེ་གཅིག་གཅིག་པུ་བཟུང་ནས་ང་དེ་དགོས་ཡོད་ཅེས་སྐད་བརྒྱབ་ཀྱང་ཕན་ཐོགས་ཡོད་མ་རེད། བོད་ནས་རྒྱ་མི་ལོག་དགོས་ཡོད་ཅེས་ལབ་ཀྱང་རྒྱ་མི་ལོག་ཨེ་ཡོང་ན། རྒྱལ་ཚོགས་ཀྱིས་མཚོན་པའི་འཛམ་གླིང་རྒྱལ་ཁབ་རྣམས་ཀྱིས་ང་ཚོ་ལ་རྒྱབ་སྐྱོར་གྱིས་བོད་ནང་ལ་ཡོང་ནས་རྒྱ་མི་ཕྱིར་བསྐྲོད་ཨེ་ཡོང་ན། དེ་ཚོ་དངོས་ཡོད་གནས་ཚུལ་རེད། གང་ལྟར་ང་ཚོའི་མི་ཐོག་འདིར་དཀའ་ངལ་འདི་འདྲ་ཞིག་འཕྲད་པ་དེ་ལོ་བརྒྱ་ཕྲག་མང་པོའི་རིང་ལ་འཐུས་ཤོར་ཕྱིན་ཡོད་པ་རེད་ཅེས་དང།

མུ་མཐུད་བཀའ་གནང་དོན། ང་ཚོ་བོད་པ་ལ་དེང་དུས་ཀྱི་ཤེས་ཡོན་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་ཁྱེད་རང་སློབ་ཕྲུག་ཚོས་སངས་རྒྱས་ཀྱི་ཆོས་དང་འབྲེལ་བའི་རིག་གཞུང་དེའི་རྩ་བ་སངས་རྒྱས་པའི་ལྟ་གྲུབ། དེ་དག་ཡག་པོ་ཤེས་པ་བྱེད་དགོས། དེང་དུས་ཀྱི་ཤེས་ཡོན་ཚད་ལོངས་པ་ཞིག་སློབ་སྦྱོང་བྱེད་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། དེ་ཁྱེད་རང་ཚོའི་སེམས་ལ་ཞོགས་ཞེས་དང།

མུ་མཐུད་གཞན་དོན་ཁྱད་གསོད་བྱེད་རྒྱུ་མེད་སྐོར་བཀའ་གནང་དོན། རྒྱ་ནག་གུང་ཁྲན་ཏང་གིས་མི་ལ་དབང་ཡོད་བཤད། མི་ལ་ཐུབ་ཚོད་བཤད། རང་དབང་འཕྲོག དེ་ཡིས་བདེ་སྐྱིད་འཛུགས་བསྐྲུན་བྱེད་ཀྱི་ཡིན་ཟེར་ན་ཁག་པོ་ཞེ་དྲག་རེད། རྒྱུ་མཚན་ལྡན་པའི་ཐོག་ནས་བདེ་སྐྱིད་སྒྲུབ་རྒྱུ་དེ་མི་ཚང་མའི་ཐོབ་ཐང་རེད་ལ། འོས་པ་ཞིག་རེད། ཐ་ན་དུད་འགྲོ་ཚོ་ལ་ཐོབ་ཐང་ཡོད་རེད། དེར་བརྟེན་དཀར་ཟས་བསྟེན་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པོ་རེད་འདུག དེང་སང་བོད་པའི་སྤྱི་ཚོགས་ནང་དུ་དམར་ཟས་སྤོང་མཁན་མང་དུ་འགྲོ་ཡི་ཡོད་རེད། ཧ་ཅང་ཡག་པོ་རེད་ཅེས་སོགས་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་ནས་ལོ་འདིའི་ནང་ཆོས་ངོ་སྤྲོད་ཀྱི་མཛད་རིམ་ལེགས་འགྲུབ་བྱུང་ཡོད་པ་རེད།།