བོད་ཀྱི་མཛངས་མའི་རྐྱལ་གོས་འགྲན་སྡུར།

miss tibet 1010 2འགྲན་སྡུར་མ་བྱས་གོང་དུ་དེར་སྤྱིར་བཏང་གི་མི་མང་པོ་འདུ་འཛོམས་ཀྱིས་མཛེས་མ་ཚོའི་གཟུགས་པོའི་བྱད་དབྱིབས་ཀྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་འདོད་ཀྱི་འདུན་པ་དྲག་པོ་ཡོད་པའི་ཚོར་སྣང་ཞིག་རང་བཞིན་གྱི་སྤྲོད་ཀྱི་ཡོད། ལྷག་པར་དུ་རྒྱ་གར་བའི་གསར་འགོད་པ་སྔར་ལས་མང་བ་དང་དེ་བཞིན་གསར་འགོད་པའམ་གང་ཡིན་མི་ཤེས་པའི་མི་མང་པོ་ཞིག་པར་ཆས་བཟུང་ནས་འཚང་ཀ་ཤིག་ཤིག་གིས་སོ་སོའི་དམིགས་ཡུལ་དེར་རེ་སྒུག་བྱས་ནས། གནམ་གཤིས་ཉི་མ་ཚ་པོའི་དཀྱིལ་དུ་ཅི་མི་སྙམ་པར་ལངས་ནས་འདུག

འགྲན་སྡུར་དངོས་སུ་འགོ་འཛུགས་བྱས་ནས་བུ་མོ་རེ་རེ་བཞིན་གོམ་འགྲོས་དལ་གྱིས་སྤོ་བཞིན་ཡོང་བ་དང་སོ་སོའི་རྣམ་འགྱུར་གང་ཡོད་སྟོན་དུས། མི་མང་རྣམས་ཀྱིས་སྐད་འབོད་སྒྲོག་ནས་ཡག་པོ་ཡོད་པའི་རྣམ་འགྱུར་སྟོན་གྱི་འདུག མི་མང་ཁག་ཅིག་གིས་རྣམ་འགྱུར་ཡག་པོ་སྟོན་མ་གཏོགས་བོད་པའི་མིང་ཁུར་ཡོད་པ་རེད་ཅེས་མི་ཚོགས་ཁྲོད་ནས་སྐད་ཆ་འདྲ་མིན་བཤད་མཁན་ཡང་བྱུང་སོང། ད་ལྟ་བོད་པའི་སྤྱི་ཚོགས་ནང་དུ་འདི་ལྟ་བུའི་བྱེད་སྒོ་རེ་ཡོད་ན་དགའ་ཐག་ཆོད་ནས་འཚང་ཀ་རྒྱག་པ་ནི་གཤིས་ཀ་ཞིག་ཏུ་གྲུབ་ཚར་འདུག

miss tibet 1010 1ད་ལོའི་མཛངས་མའི་འགྲན་སྡུར་ཁྲོད་དུ་བུ་མོ་བཞི་ཡོད་པ་རྣམས་ཀྱི་ཤེས་ཡོན་དང། སྤྱོད་པ། མཛེས་སྡུག་སོགས་རེ་རེ་བཞིན་འགྲེལ་བཤད་ཀྱིས་འདི་ཡག་ཤོས་དང་འདི་སྡུག་ཤོས་ཞེས་བསྡོམས་ཚིག་ད་ལྟ་ནས་རྒྱག་དཀའ་རུང་མི་མང་ཁྲོད་དུ་སོ་སོས་བརྒྱ་ཆ་རེ་སྤྲོད་བཞིན་འདུག

ད་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཁྲོད་དུ་ཞུགས་མཁན་བུ་མོ་བཞི་ཡོད་པ་རྣམས་ནི། དང་པོ། བྷེང་ལོར་ནས་ཡིན་པ་རིན་ཆེན་ཆོས་སྒྲོན། ལོ་༢༥། སྐྲ་བཟོའི་ལག་ཤེས་སྦྱོང་བརྡར་བྱེད་བཞིན་པ་དང། གཉིས་པ། བྷེང་ལོར་ནས་ཡིན་པ་བསྟན་འཛིན་གནམ་ཆོས། ལོ་༢༢། སི་ཊི་ཇོ་སི་ཧྥིའི་མཐོ་སློབ་ཏུ་སྤྱི་ཚོགས་ཞབས་ཞུའི་སྐོར་སློབ་སྦྱོང་བྱེད་བཞིན་པ། གསུམ་པ། ཝ་ཎ་མཐོ་སློབ་ནས་ཡིན་པ་བསྟན་འཛིན་ནོར་འཛོམས། ལོ་༢༣། ཤཱསྟྲི་སློབ་མཐར་ཕྱིན་ཚར་ཙམ་ཡིན་པ། བཞི་པ། དྷ་ས་ནས་ཡིན་པ་དབྱངས་ཅན་མེ་ཏོག ལོ་༡༩། ད་ལྟ་སྐབས་དྷ་སར་སློབ་སྦྱོང་བྱེད་བཞིན་པ་བཅས་རེད།

miss tibet 1010 4ཟླ་སྔོན་མའི་ཚེས་༣༡ ཉིན་གསར་འགོད་གསལ་བསྒྲགས་སྐབས་སུ་བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་གྱིས་ད་ལོའི་མཛངས་མའི་འགྲན་སྡུར་ལ་སྙན་ཞུ་འབུལ་མཁན་བུ་མོ་༡༡ བྱུང་ཡོད་ཀྱང། དངོས་སུ་འགྲན་སྡུར་སྐབས་སུ་བཞི་མ་གཏོགས་གཞན་རྣམས་སོ་སོའི་ལས་དོན་གྱིས་རྐྱེན་པས་ཞུགས་མ་ཐུབ་པའི་འགྲེལ་བརྗོད་བྱས་ཡོད་པ་རེད། ད་ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་ནི། རྒྱ་གར་གྱི་སྐད་གྲགས་ཆེ་བའི་ཀིང་ཧྥིའི་ཤིར་ཞེས་པའི་བཟོ་གྲྭ་དང་མཉམ་འབྲེལ་བྱས་ནས་སྦྱིན་བདག་བྱས་པ་ཞིག་ཡིན་པ་དང། གློག་གི་ཅ་ལག་དང་སྒྲ་སྒམ་སོགས་ཚང་མ་ཅན་དྷི་གྷར་ནས་ཁྱེར་ཡོད་པ་རེད།

སྔར་བཞིན་ཨང་དང་པོ་ལ་བྱ་དགའ་ཧིན་སྒོར་༡༠༠༠༠༠ དང། ཨང་གཉིས་པ་ལ་ཧིན་སྒོར་ལྔ་༥༠༠༠༠ ། གསུམ་པ་ལ་ཧིན་སྒོར་༢༥༠༠༠ ། བུ་མོ་བཞི་ལས་མེད་དུས་བུ་མོ་ཨང་བཞི་པ་དེའང་འགྲན་སྡུར་ནང་འཛུལ་ཞུགས་བྱས་པའི་ཆེ་མཐོང་ལྟ་བུར་ཧིན་སྒོར་གང་ཐུབ་ཅིག་སྤྲོད་རྒྱུ་ཡིན་སྐོར་བློ་བཟང་དབང་རྒྱལ་གྱིས་འགྲེལ་བརྗོད་བྱས་སོང།

དེ་རིང་ཚེས་༤ ཉིན་གྱི་རྐྱལ་གོས་གོན་ནས་གཟུགས་པོའི་བྱད་དབྱིབས་འགྲན་སྡུར་ཚར་བ་དང། སང་ཉིན་ཚེས་༥ ཉིན་གཏམ་བཤད་དང་སྒྱུ་རྩལ་འགྲན་སྡུར། ཚེས་༦ ཉིན་དབུ་རྒྱན་འབུལ་བའི་མཐའ་མའི་མཛད་སྒོ་དེ་དྷ་ས་བོད་གཞུང་ཟློས་གར་ཁང་དུ་འཚོག་རྒྱུ་ཡིན་པ་རེད།།