ཡིག་སྐད་གཙང་མ་རྒྱལ་ཁབ་འཚོ་བའི་སྲོག
ཅ་ཅོ་ཟང་ཟིང་རྒྱས་པའི་དུས་རབས་འདིར།།
།ཆ་རྒྱུས་མེད་པའི་རྫས་འཕྲུལ་སྣ་ཚོགས་དར། །
ཇ་ཆང་ཤ་མར་ཙམ་ལ་མགོ་འཁོར་ན། །
ཉ་སྲམ་དུད་འགྲོའི་རིགས་དང་ཁྱད་ཅི་ཡོད། །
ཏཱ་ལའི་བླ་མའའི་མཛད་འཕྲིན་མཁའ་དང་མཉམ།།
།ཐ་ཤལ་ང་ཚོས་རང་དོན་ཁོ་ནར་བརྩོན། །
ད་ཕྲུག་བཞིན་དུ་རྗེས་ས
ུ་ལུས་པའིཚེ། །
ན་ཚ་དཀའ་སྡུག་དུ་མས་བསུན་གཙེར་འོང༌། །
པ་ལོ་བཅིངས་ཏེ་ཁྲོམ་གཞུང་རྒྱུ་བ་ལས།།
།ཕ་མེས་བརྒྱུད་པའི་ཆོས་དང་རིག་གཞུང་སྦྱོངས། །
བ་གླང་བཞིན་དུ་རང་ཉིད་གཅེས་པ་ལས། །
མ་ལུས་རིགས་དྲུག་བྱམས་དང་སྙིང་རྗེ་སྒོམས། །
ཙ་རིར་རྩེ་སོན་རི་འཛེགས་དཔའ་བོ་བཞིན༌།།
།ཚ་གྲངས་ངལ་དུབ་དུ་མ་ཁྱད་བསད་དེ། །
ཛ་དྲག་བོད་ཀྱི་བདེན་མཐའ་གསལ་བའི་ཕྱིར། །
ཝ་ཡེ་དཀའ་བའི་ལས་ལ་སྤྲོ་བཞིན་ཞུགས། །
ཞྭ་སེར་ས་སྐྱ་བཀའ་རྙིང་བོན་ཇོ་དང༌།།
།ཟ་འཐུང་དོན་ལ་རོལ་བའི་ཆོལ་ཁ་གསུམ། །
འ་ཅག་ཤ་རུས་གདུང་རྒྱུད་གཅིག་པ་ལས། །
ཡ་བྲལ་ཚ་གྲང་ལྟ་བུ་ག་ལ་ཡིན། །
ར་བ་གངས་རིས་བསྐོར་བའི་ཞིང་ཁམས་ན།།
།ལ་མོ་གླུ་གཞས་དགའ་བའི་བོད་རིགས་ཚོ། །
ཤ་ཁྲག་གཅིག་གིས་གྲུབ་པའི་སྤུན་ཟླ་རུ། །
ས་ཕྱོགས་གང་དུ་སོང་ཡང་མ་བརྗེད་ཅིག །
ཧ་ཧ་ལོ་ཕྱེད་ཡིག་རྒྱུགས་ལེན་པའི་སྐབས།།
།ཧ་ཅང་ལེགས་བཤད་ཚིག་འདི་མགྲིན་པར་ཐལ། །
ཨ་ཁུ་རྒན་པོ་ཚོ་ལ་ཕན་དཀའ་ཡང༌། །
ཨ་མའི་གཅེས་ཕྲུག་དག་ལ་ཕན་སྙམ་བྲིས། །
སྤྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༢༨ ཉིན་མཐོ་རིམ་སློབ་མར་ཡིགས་རྒྱུགས་ལེན་སྐབས་ཐོལ་བྱུང་དུ་བྲིས།
