བོད་ཡིག་དང་བོད་སྐད་མི་ཤེས་པའི་བོད་ཀྱི་མཛངས་མ།
ད་ལྟ་ཨ་རིའི་རྒྱལ་སར་བོད་ཀྱི་གསར་འགོད་པ་དང་དྲ་ནང་གི་བོད་ཅེས་པའི་གཙོ་སྐྱོང་བའི་ལས་ཀ་སྒྲུབ་བཞིན་ཡོད་པ་ཀུན་གསལ་རེད། ལོ་ལྟར་མཛངས་མ་རེ་དྲགས་འདེམས་བྱེད་བཞིན་ཡོད་པ་དང་ལོ་རེར་བོད་ཀྱི་བུ་མོ་རེ་ལ་ཧིན་སྒོར་ཆིག་འབུམ་རེ་དང་གསེར་གྱི་ཞ་མོ་རེ་གསོལ་བསྩལ་གནང་བཞིན་ཡོད་པ་རེད། སྐུ་ཞབས་བློ་བཟང་དབང་རྒྱལ་ལགས་ནི་འདིའི་སྦྱིན་བདག་དང་གྲ་སྒྲིག་བྱེད་མཁན་ཡིན་ལ་ད་ལྟ་བར་དུ་གཞུང་སྒེར་གང་མང་ཞིག་ལ་མཛངས་མ་དྲགས་འདེམས་ཐད་ཀྱི་བསམ་བློ་མཐུན་མིན་སོགས་ལས་འཕྲོས་ཏེ་ཁོང་ལ་ཁ་རྡུང་དང་སྐྱོན་བརྗོད་ཟུར་ཟ་སོགས་ཇི་ལྟར་བྱས་ཀྱང་ཚུལ་མཐུན་ལམ་ལུགས་ཀྱི་སྒོ་ནས་མ་རྒལ་བར་ལན་འདེབས་དང་གསལ་བཤད་བྱས་ཏེ་ལོ་ངོ་བཅུ་ཧྲིལ་བོ་ཕྱིན་པ་རེད། འཛམ་གླིང་སྤྱི་འགྲོས་ཀྱི་ལུགས་སྲོལ་འདི་དང་འདི་ལྟ་བུ་མ་བསྐུལ་དང་བླང་གིས་ཕྲག་ཏུ་ལེན་མཁན་གྱི་མི་སྣ་རེ་བྱུང་དུས་དེ་ལ་སྐྱོན་བརྗོད་དང་དམའ་འབེབས་ཟུར་ཟ་བྱེད་པ་ནི་སྤྱི་སེམས་དབེན་ཞིང་འཁན་ཁུར་མི་ཐུབ་པའི་རང་རྟགས་ངོམ་པ་ལས་གཞན་དགེ་མཚན་གང་ཡང་མ་མཐོང་། ལས་འགུལ་འདི་ལ་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་དགའ་བསུ་དང་རེ་འདུན་མི་དམན་པ་ཞིག་ཡོད་པ་དང་ལྷག་པར་དུ་བོད་ཀྱི་གཞོན་ནུ་ཕོ་མོ་ལོ་ཆུང་ཚོར་སྤྲོ་སྣང་དང་དོ་སྣང་གཞན་ལས་ལྷག་པ་ཞིག་ཡོད་པ་སྟེང་རྩོད་འགྲན་བསྡུར་སྐབས་ཀྱི་འཛིན་བྱང་གི་རིན་གུང་ཆེ་ཆུང་ལ་མ་ལྟོས་བར་ལྟད་མོ་བ་སྟོང་ཕྲག་དུ་མ་དུས་གཅིག་ཏུ་འཛོམས་ཀྱི་ཡོད་པ་དེས་དངོས་ཡོད་གནས་ཚུལ་གསལ་ངེས་རེད་སྙམ། དུས་རབས་གསར་པའི་འཛམ་གླིང་སྤྱི་འགྲོས་ཀྱི་མཛངས་མའི་དྲགས་འདེམས་འགྲན་རྩོད་གོ་ལ་ཟླུམ་པོའི་ཁྱོན་དུ་རྒྱ་ཁྱབ་ཏུ་ཕྱིན་དང་འགྲོ་བཞིན་པའི་སྐབས་སུ།བློ་བཟང་དབང་རྒྱལ་གྱིས་དཀའ་སྤྱད་འབད་བརྩོན་དང་ཐབས་མཁས་བསྟུན་ཤེས་ཅི་དྲགས་བྱས་ཏེ་ཡོང་སྒོར་འབོར་ཆེན་འདི་བོད་པ་གཙང་མའི་བུ་མོ་ཞིག་ལ་སྤྲད་སྤྲོད་བཞིན་པར་གཞིགས་ན་བསྔགས་འོས་སུ་འཇོག་དགོས་མོད།
ད་དུང་སྐུ་ཞབས་བློ་བཟང་དབང་རྒྱལ་གྱིས་རང་རེ་གངས་ཅན་བོད་ཀྱི་བུ་མོ་རྣམས་ཀྱིས་ཀྱང་དུས་ཀྱི་རང་བཞིན་ལྡན་པའི་གོ་སྐབས་ལེགས་པོ་ཞིག་ལོངས་སུ་སྤྱོད་ཆེད་དུ།མགོ་ནག་བོད་པ་ཚང་གི་ཡབ་མེས་གོང་མ་ཚོའི་ཐུགས་དགོངས་ལ་གནོད་དང་མི་གནོད་ལ་མ་ལྟོས་བར་དཀའ་བཅད་འབད་བརྩོན་གྱིས་འགག་འཕྲེང་གང་མང་གཏོར་ཏེ་ད་སྔོན་བོད་པ་ཚང་གིས་བསྒྲུབས་མ་ཐུབ་པའི་སྟོང་ཆ་འདི་བཀང་ཐུབ་པར་དངོས་གནས་བསྔགས་འོས་པ་ཞིག་དང་མ་འོངས་པར་མུ་མཐུད་ནས་འདིའི་རྒྱུན་མི་ཆད་པའི་རེ་འདོད་ཞུ་བཞིན་ཡོད།འོན་ཀྱང་། མ་འོངས་པར་འདེམ་པར་འགྱུར་བའི་བོད་ཀྱི་མཛངས་མ་རྣམས་ནི་ཕྱི་ཡི་ཉམས་འགྱུར་དང་མཛེས་གཟུགས་ལེགས་པོ་དགོས་པ་ཙམ་དུ་མ་ཟད།བོད་ཀྱི་མཛངས་མ་འདེམས་ཀྱི་ཡོད་ཙང་བོད་མི་རིགས་རང་གི་སྐད་དང་ཡི་གེ་ལ་བྱང་ཆ་ཆེ་ཞིང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་མཁས་པ།བོད་ཀྱི་ཕྱི་ནང་སྣོད་བཅུད་ཡོངས་ལ་སེམས་ཁུར་དང་རང་མི་རིགས་ཀྱི་ཆོས་སྲིད་རིགས་གཞུང་གི་ཆགས་འཇིག་གཉན་འཕྲེང་ལ་དོ་སྣང་ཡོད་མཁན་མདོར་ན་སྤྱི་སེམས་ཀུན་ཁྱབ་ཀྱི་ཁོག་རྒྱ་ཡངས་པ་དེ་འདྲ་ཞིག་དྲགས་འདེམས་བྱེད་ཐུབ་ན།མིག་སྔར་ཁྱོད་ཀྱི་ལས་འགུལ་འདི་དག་གཞིས་བྱེས་གཉིས་ཀྱི་བོད་པ་ཚང་ལ་ཕུལ་བའི་ལེགས་སྐྱེས་འགྲན་ཟླ་བྲལ་བ་ཞིག་ཏུ་མཐོང་།
དེ་མིན་ཁྱོད་ཀྱི་མཛངས་མ་དྲགས་འདེམས་ཀྱི་ལྡེང་ཆའི་གཡས་གཡོན་རྒྱབ་འདུན་གང་དུ་བོད་ཡིག་འབྲི་གཅིག་ཀྱང་མཐོང་རྒྱུ་མེད་པ་དངོས་གནས་ཡམ་མཚན་རེད། བོད་ཡིག་གཙང་མའི་ཐོག་ནས་ཤིས་ཚིག་ཇི་ཞིག་འབྲི་འདོད་ཀྱང་མི་འདང་བའི་དཀའ་ངལ་ཡོད་མི་སྲིད་པ་ཞིག་རེད་སྙམ། ང་བོད་ཀྱི་མཛངས་མ་དྲགས་འདེམས་བྱེད་སར་ཐེངས་འགར་ཡོང་མྱོང་ལ་སྐབས་སོ་སོའི་ནང་འཛུལ་ལག་ཁྱེར་འཛིན་བྱང་དང་གྲ་སྒྲིག་འཕྲད་དར་སོགས་སུ་བོད་ཀྱི་ཡི་གེ་མཐོང་རྒྱུ་མི་འདུག་པ་བོད་སྐད་བོད་ཡིག་ལ་རྨོངས་པའི་བོད་ཀྱི་མཛངས་མ་ཚོ་མཐོང་དུས་བོད་ཀྱི་མཛངས་མ་དྲགས་འདེམས་བྱེད་སའི་མཛད་སྒོ་ཞིག་སླེབས་ཡོད་པའི་ཚོ་སྣང་ཞིག་མི་འདུག་མོད། སྐུ་ཞབས་བློ་བཟང་དབང་རྒྱལ་ལགས་རྗེས་སུ་གནད་དོན་འདི་ཚོར་ཐུགས་སྣང་ལེགས་པོ་ཞིགས་གནང་ན་མིང་དོན་མཚུངས་པའི་སྤྱི་ཚོགས་ཞབས་ཞུ་བ་ཞིག་དང་རྣམ་དཔྱོད་ལྡན་པའི་སྤྱི་ཚོགས་སྣེ་ཁྲིད་པའམ་གསར་གཏོད་ཀྱི་བློ་གྲོས་ཡངས་པའི་བོད་ཀྱི་མི་སྣ་གལ་ཆེན་ཞེས་ཁྱོད་ལ་བསྟོད་པའི་མིང་རྒྱུན་ཆད་མི་སྲིད།
སེར་ཤུལ་དཀོན་མཆོག་གིས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས ༨ ལ།
