ང་དངས་རབས་ཀྱི་རྗེས་སུ་འབྲང་བ།

ད་ང་ཅི་འདྲའི་སྟོབས་ཅན་བསམ།
ཡིན་ཡང་།
ངས་ཡར་གྱོན། མར་འདོགས་བྱེད་པའི།
མེ་ལུང་ནང་གི་རང་གཟུགས་དེ་ནི།
མི་མིན་འདྲེ་མིན་དུ་འགྱུར་འདུག།
ང་། བོད་ཅེས་པའི་གཟུགས་རས་དེ་ཡལ་སོང་།
ང་། བོད་ཅེས་པ་དེ་གང་ན་ཡོད།
ཨ། ཡ་ ཡ །
དེ་ནི། དེ་ནི ཅི་འདྲའི་ངོ་ཚ་དགོས་པ་ལའང་།
************
ང་རྒྱ་ནག་ཡུལ་ནས་ཐོན་པ་ནས།
ངས་རྒྱ་སྐད་ད་མ་དིག་ཞིག་བཤད།
ང་རྒྱ་གར་ཡུལ་དུ་གནས་ཡོད་པས།
ངས་ཧེན་འདེས་ཆ་མ་འཆོལ་ཞིག་བཤད།
ང་ཕྱི་གླིང་ཡུལ་དུ་འགྲོ་དགོས་པས།
ངས་དབྱིན་སྐད་དག་ལ་མ་དག་བཤད།
རེད་ཡ། ད་ལྟ།
ད་ལྟ་ངས་སྐད་རིགས་བཞི་འཛོམས་བཤད།
ཨ། ལ་ ལ།
ང་ནི་ཅི་འདྲའི་མཁས་པ་བསམ།
ཡིན་ཡང་།
ངས་བརྗོད་ཚིག་དེ་ནི།
ང་རང་མ་གཏོགས་གཞན་གྱིས་མི་རྟོགས།
གོ་རྒྱུ་མེད་པའི་འདྲེ་སྐད་དུ་འགྱུར་འདུག།
ངའི་དངས་གཙང་གི་ཕ་སྐད་ཉམས་སོང་།
ང་། བོད་ཅེས་པ་དེ་གང་ན་ཡོད།
ཨ། ཡ་ ཡ།
འདི་ནི། འདི་ནི ཅི་འདྲའི་སྐྱོ་བ་ལའང་།