རིག་གཞུང་དང་རིག་གནས་ལ་དཔྱད་པ།
ཤེས་ལྡན་དག་གིས་སྐྱོན་ཆ་ཡོ་སྲུང་གནང་རྒྱུ་ལ་འཛེམས་བག་མེད་པ་ཐང་ཀར་བསམ་ཚུལ་བརྗོད་ན། བདག་ལ་ཕན་པར་འགྱུར་བས་སོ་སྙམ་སྟེ་འབྲི་བར་བྱའོ།།
རིག་གཞུང་དང་རིག་གནས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནམ། འགལ་བ་ཡིན། ཡང་ན་མུ་གསུམ་མུ་བཞིའི་ཁྱད་པར་ཡོད་གང་ཡིན་བརྟག་པར་བྱའོ།།
༡ ༽ དོན་གཅིག་ཡིན་ཞེ་ན། མི་རིགས་རང་ཉིད་ཀྱི་རྣམ་པ་མཚོན་བྱེད་ཕ་མེས་ཡང་མེས་ནས་དར་བའི་ཡ་རབས་བཟང་སྤྱོད་དང་། ཡུལ་གོམས་གཤིས་ལུགས། གཞས་ཞབས་བྲོ་སོགས་རིག་གཞུང་ཡིན་ཞེ་ན་སྐྱོན་མེད་ཀྱང་། འདུལ་བའི་གཞུང་ལུགས་མདོ་རྩ་བ་དང་། ཚད་མའི་གཞུང་ལུགས་རྣམ་འདྲེན་སོགས་རིག་གནས་རེད་དམ་ཞེ་ན། ཇི་ལྟར་ལན་རྒྱག་དགོས་སམ། རིག་གནས་ཡིན་ཟེར་ན་འོ་ན་དེ་ཤེས་པར་བྱ་བའི་གནས་ཡིན་ནམ། དེ་འདྲ་ཡིན་ཟེར་ན་མི་འཐད་དེ་གཞུང་ལུགས་ནི་ཤེས་པར་བྱ་བའི་གནས་དེ་དག་སྟོན་བྱེད་དམ་རྗོད་བྱེད་ཅིག་ལ་གོ་དགོས། དཔེར་ན། གཅད་བྱའི་ཤིང་དང་གཅོད་བྱེད་ཀྱི་སྟ་རེ་བཞིན་གནས་ཚུལ་མཐུན་གྱི་མེད་པ་ཡིན། ད་དུང་དོན་གཅིག་ཡིན་ན་ཡིན་ཁྱབ་མཉམ་ཡིན་དགོས། ཡིན་ཁྱབ་མཉམ་ཞེས་པ་ནི་རིག་གནས་ཡིན་ན་རིག་གཞུང་ཡིན་དགོས་པ་དང་། རིག་གཞུང་ཡིན་ན་རིག་གནས་ཡིན་དགོས་ཀྱང་། འདིར་དེ་ལྟར་མ་ངེས་པའི་ཕྱིར། དེས་ན་གཞུང་ཆེན་བཀའ་པོད་ལྔ་ནི་རིག་གཞུང་ཡིན་པ་ལས་རིག་གནས་མིན། དེ་ལྟར་ན་རིག་གཞུང་དང་རིག་གནས་དོན་གཅིག་ཡིན་པའི་དོགས་པ་གཅད་པར་འགྱུར་རོ།།
༢ ༽ འགལ་བ་ཡིན་ཞེ་ན། རིག་གཞུང་དང་རིག་གནས་གཉིས་ཀ་ཡིན་པའི་གཞི་མཐུན་མེད་པ་དགོས་ཀྱི་རེད། གཞི་མཐུན་མེད་པ་ནི་ག་ལ་ཡིན། བོད་ཀྱི་སྐད་ཡིག་དང་སྙན་ངག་མངོན་བརྗོད། ཟློས་གར་སྐར་རྩིས། སྡེབ་སྦྱོར་སོགས་རིག་གཞུང་མ་ཡིན་པར་འགྱུར་ཏེ་དེ་དག་རིག་གནས་ཡིན་པའི་ཕྱིར། དེ་རིག་གཞུང་མ་རེད་ཅེས་ཤེས་ལྡན་སུས་ཀྱང་སྨྲ་བར་མི་འགྱུར་སྙམ། རིག་གནས་དང་རིག་གཞུང་དོན་གཅིག་མིན་ཞིང་འགལ་བའང་མིན་ན་འོ་ན་ཚད་མའི་ལུགས་ལ་དེ་གཉིས་གང་རུང་མིན་ན་མུ་གསུམ་མུ་བཞི་གང་རུང་ཞིག་གྲུབ་པ་གཏན་འཁེལ་བ་རེད། མུ་གསུམ་མུ་བཞིའི་རིགས་པའི་སྐབས་མཁྱེན་རྟོགས་ཀྱི་ཆེད་དུ་ཐོག་མར་རིག་གཞུང་དང་རིག་གནས་ཀྱི་གོ་དོན་དང་ངོས་འཛིན་ཇི་ལྟར་དགོས་མིན་དང་གཞན་གྱི་ལྟ་ཚུལ་སོགས་ལ་ཅུང་ཟད་དཔྱད་པར་བྱའོ།།
༣ ༽ རིག་གཞུང་ཞེས་པ་རིག་པའི་གཞལ་བར་བྱ་བའི་གནས་དང་དེ་དག་གཏན་ལ་འབེབས་བྱེད་ཀྱིས་ཡིག་ངག་གཉིས་ཀའི་ཐོག་ཡོད་པའི་གཞུང་ལུགས་ཤིག་ལ་ངོས་འཛིན་དགོས། དཔེར་ན་ང་ཚོའི་ནམ་རྒྱུན་འཚོ་བའི་ནང་ལྷ་མཆོད་དགེ་སྒྲུབ་དང་། གླུ་ལེན་གར་འཁྲབ། ཡུལ་གོམས་ཆས་ལུགས་སོགས་མདོར་ན་མི་རིགས་རང་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་རིག་གནས་དང་། ཡིག་ངག་གཉིས་ཀའི་ཐོག་ཡོད་པའི་གཞུང་ལུགས་དེ་དག་རིག་གཞུང་ཡིན་ལ། དེ་ལ་དབྱིན་ཡིག་ཏུ་ CULTURAL ཞེས་ཟེར་ཞིང་། རྒྱ་ཡིག་ ཏུ་ 经典 ཞེས་ཟེར་བ་དེ་ཡིན། དེ་ལ་ཞིབ་ཏུ་ཕྱེ་ན་མི་རིགས་དེའི་གདོད་མ་ནས་དར་ཡོང་བ་ཞིག་དང། བར་ལམ་འཕེལ་རྒྱས་སོང་བའི་རིགས་ གཉིས་ཡོད། བོད་མི་རིགས་ཀྱི་རིག་གཞུང་ནི་མི་རིགས་རང་ཉིད་ཀྱི་ཤ་ཁྲག་རུ་གསུམ་ལ་ཐིམ་པའི་ཐུན་མོང་མིན་པའི་ལེགས་བྱང་དེ་དག་ཡིན། ཟས་སྤྱད་སྟངས་དང་གོས་གྱོན་སྟངས་སོགས་ཀྱང་དེའི་ནང་དུ་བསྡུས་པ་ཡིན་ཡང། སྐུ་ངོ་ཚུལ་ཁྲིམས་ལགས་ཀྱིས།《བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཕལ་མོའི་ཆེའི་རིག་གཞུང་ཞེས་པའི་གོ་བ་ལེན་སྟངས་དང་ངས་རིག་གཞུང་ཞེས་པའི་གོ་བ་ལེན་སྟངས་ཅུང་མི་འདྲ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། བཙན་བྱོལ་ནང་ལ་མཚོན་ན་རིག་གཞུང་འཁྲབ་སྟོན་དང། བོད་ཀྱི་རིག་གཞུང་རེད་ཅེས་ཟེར་དུས་ཕྱུ་པ་དང། རྩམ་པ་ཟ་བ་ཡན་ཆད་ལ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ལ། ༧གོང་ས་མཆོག་ གིས་བཀའ་སློབ་བསྩལ་བའི་སྐབས་ཀྱང་དེ་བཞིན་གསུང་གི་འདུག 》ཅེས་གསུངས་པ་དེ་ཡང་ཅུང་ཟད་མི་འཐད་སྙམ་སྟེ་དེར་ཅུང་ཟད་བརྟག་པར་བྱའོ།།
༤ ༽ རིག་གནས་ཞེས་པ་ནི། ཤེས་པར་བྱ་བའི་གནས་སྟེ། དེར་མི་འདྲ་བ་ལྔ་ཡོད་པར་སྔོན་གྱི་མཁས་པའི་བཞེད་དེ། དབྱིན་ཡིག་ཏུ་དེ་ལ། subject རྒྱ་ཡིག་ཏུ་ 学问 ཞེས་ཟེར་གྱི་ཡོད།
རྗེ་བཙུན་བྱམས་པ་མགོན་པོས།
རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱངས་ན།།
འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་ཏེ།།
དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་ཕྱིར་དང།།
བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད།། ཅེས་གསུངས་པ་ལྟར། དེ་ཡང་ཚིག་གི་རྒོལ་བ་ཚར་གཅོད་པ་ལ་སྒྲ་རིག་པ་དང་། དོན་གྱི་རྒོལ་བ་ཚར་གཅོད་པ་ཚད་མ་རིག་པ། གདུལ་བྱ་ནད་པ་རྗེས་སུ་བཟུང་བའི་ཕྱིར་གསོ་བ་རིག་པ། གདུལ་བྱ་དབུལ་བ་རྗེས་སུ་བཟུང་བའི་ཕྱིར་བཟོ་རིག་པ། བདག་ཉིད་ཀུན་ཤེས་སམ་ཐམས་ཅད་མཁྱེན་པ་འགྱུར་བ་ལ་ནང་དོན་རིག་པ་བཅས་རིག་པའི་གནས་ཆེན་ལྔ་ཞེས་གསུངས་པ་དང་། ཡང་བཟོ་རིག་པའི་ཁོངས་གཏོགས་ཚིག་རྒྱན་ལ་མི་རྨོངས་པའི་ཕྱིར་སྙན་ངག མིང་ལ་མི་རྨོངས་པའི་ཕྱིར་མངོན་བརྗོད། ཚིག་བཅད་ལ་མི་རྨོངས་པའི་ཕྱིར་སྡེབ་སྦྱོར་དང་། གྲངས་ལ་མི་རྨོངས་པའི་ཕྱིར་སྐར་རྩིས། སྐད་རིགས་ལ་མི་རྨོངས་པའི་ཕྱིར་ཟློས་གར་བཅས་ཁྱོན་བསྡོམས་རིག་པའི་གནས་བཅུར་མ་འདུས་པའི་བོད་ཀྱི་རིག་གནས་མེད་དོ།།
འདི་ལྟ་བུའི་རིག་གནས་བོད་དུ་མ་དར་སྔོན་དུ་བོན་རྒྱལ་སྤུ་དེ་གུང་རྒྱལ་དང་དེའི་བློན་པོ་རི་ལས་སྐྱེས་གཉིས་ཀྱི་སྐབས་སྒྲུང་ལྡེའུ་བོན་གསུམ་གསར་དུ་དར་ཞིང་། དེ་ཡང་བོན་ནི་དགེ་སྒྲུབ་ལྷ་མཆོད་འདྲེ་འདུལ་མོ་རྩིས་སོགས་ དང་། སྒྲུང་ནི་མི་རོ་གསེར་སྒྲུབ་ཀྱི་སྒྲུང་དང་། མ་སངས་སྒྲུང་། མཆིལ་བའི་སྒྲུང་སོགས་ཉན་བཤད་བྱེད། ལྡེའུ་ནི། ཁེད་འཇོག་པ་སྟེ། དཔེར་ན། བང་རྩལ་མགྱོགས་ཀྱང་ཐེམ་པ་བརྒལ་མ་མྱོང་ཅི་ཡིན་ཞེས་པ་ལྟ་བུ་སོགས་ཀྱང་སྐབས་དེར་བོད་ཀྱི་རིག་གནས་སུ་བགྲངས་པ་ལོ་རྒྱུས་ཀྱི་གསེང་ལས་ཤེས་ཐུབ། ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་བློན་པོ་ཐོན་མི་སམ་བྷོ་ཊའི་སྐབས་བོད་ཡིག་གསར་དུ་བཟོས་པ་དང་། ནང་ཆོས་བོད་དུ་གདན་འདྲེན་པ་ནས་བཟུང་བོད་ཀྱི་རིག་གནས་ནི་འཛམ་གླིང་ཐོག་རིག་གནས་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཏུ་གྱུར་པ་རེད། རིམ་བཞིན་མཁན་སློབ་ཆོས་གསུམ་གྱིས་མཚོན་པའི་མཁས་པ་དང་། བཙུན་པ། ལོ་ཙ་བ་བཀའ་དྲིན་ཅན་རིམ་པས་དར་སྤེལ་རྒྱུན་སྐྱོང་བྱས་པ་ལ་བརྟེན་ནས་དུས་ད་ལྟའི་བར་བོད་ཀྱི་རིག་གནས་ནི་མི་རིགས་གཞན་གྱི་རིག་གནས་ལས་ཁྱད་ཆོས་འབུར་དུ་ ཐོན་པའི་ལེགས་ཆ་མང་དུ་ཡོད་པ་ཞིག་ཡིན། བོད་མི་རིགས་འདི་ལ་འདས་པའི་ལོ་རྒྱུས་ཀྱི་ནང་དུ་འཆི་གསོན་གྱི་འཕོ་འགྱུར་ཤིན་ཏུ་མང་པོ་བྱུང་ན་ཡང་རིག་གཞུང་འདི་ཡི་བཀའ་དྲིན་གྱིས་བོད་མི་རིགས་འདི་ཉིད་འགྱེལ་ས་ནས་ལངས་ཐུབ་པའི་ཕོ་རྩལ་སྣ་དགུར་འཛོམས་པའི་དཔའ་བོ་ཞིག་དང་ཅིའི་མི་མཚུངས། ༸བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ ༸གོང་ས་སྐབས་མགོན་ཆེན་པོ་མཆོག་ཀྱང་འཛམ་གླིང་ཐོག་མཚན་སྙན་རྒྱས་པ་དང་མཛད་འཕྲིན་མང་བ་དེ་ཡང་རྩ་ཆེན་གྱི་རིག་གནས་འདི་དག་ལ་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ་མཛད་པར་བརྟེན། འཛམ་གླིང་ཀུན་ཁྱབ་སེམས་ཁུར་དང་སྙིང་རྗེའི་བདག་ཉིད་ཅན་གྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་ཏུ་བཞེངས་པ་རེད། ད་དུང་ཁོང་གི་མངའ་འབངས་སུ་གཏོགས་པ་བོད་རྒྱ་ཆེ་མི་མང་སུ་འདྲ་ཞིག་ཡིན་ཡང་འཛམ་གླིང་འདི་ཐོག་མི་ཚོས་དོ་སྣང་བྱེད་ས། ཡིད་ཆེས་བྱེད་ས། མགོ་ནག་མིའི་རིགས་ཀྱི་ནང་ནས་རང་བཞིན་གྱིས་གཤིས་སྤྱོད་བཟང་ཞིང་བློ་དྲང་བ། ཡ་རབས་ཚུལ་མཐུན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དེ་དག་ཚང་མ་རིག་གནས་ཕུན་སུམ་ཚོགས་པ་འདིའི་ནུས་མཐུ་ཉག་གཅིག་ཡིན་པ་དཔྱད་ན་ཤེས་ཐུབ་བོ།།
༥ ༽ རིག་གཞུང་དང་རིག་གནས་ཀྱི་ཁྱད་པར། རིག་གཞུང་ཞེས་པ་ནི་རིག་གནས་ཀྱི་གཞུང་ལུགས་ལ་ཟེར་ཡང་། རིག་གཞུང་དེ་དག་ནས་བསྟན་པའི་རིག་པའི་རྟོགས་པར་བྱ་བའི་གནས་རྣམས་ལའང་རིག་གཞུང་ཞེས་རྒྱུ་མིང་འབྲས་བུ་ལ་ཐོགས་པ་ཞིག་ཡིན། དཔེར་ན་ཉི་མའི་འོད་ཟེར་ལ་ང་ཚོས་ཉི་མ་ཟེར་བ་བཞིན་ཆས་གོས་དང་། འཁྲབ་གཞས། རྩམ་པ་ཟ་བ། རི་བསངས་རླུང་རྟ་དང་། རྟ་རྒྱུགས་མདའ་འཕེན་ཚུན་ཆད་ལ་རིག་གཞུང་ཟེར་བ་དེ་ཡང་བསམ་བློ་གཏོང་ས་ཞིག་ཡོད་ཀྱང་།
སྐུ་ངོ་ཚུལ་ཁྲིམས་ལགས་ཀྱིས། 《བཙན་བྱོལ་ནང་དུ་ངོས་འཛིན་བྱེད་བཞིན་པའི་རིག་གཞུང་ཟེར་བ་དེར་ངས་རིག་གནས་ཞེས་འབོད་བཞིན་ཡོད། གཞས་ཞབས་བྲོ་འཁྲབ་པ་དང་སྐད་ཡིག་སོགས་རིག་གནས་ཞེས་འབོད་བཞིན་ཡོད། རིག་གཞུང་ཟེར་བ་ནི་རིག་པའི་གནས་གང་དང་གང་ཡིན་ཡང་དེ་སྟོན་བྱེད་ཀྱི་གཞུང་ལུགས་ལ་གོ་བ་ལེན་པ་ལས། གླུ་གཞས་འཁྲབ་སྟོན་སོགས་ལ་རིག་གཞུང་ཞེས་པར་ངོས་འཛིན་བྱེད་ཀྱི་མེད། དེ་ཡང་ཞིབ་ཏུ་དབྱེ་ན་ཡིག་ཐོག་ཏུ་ཡོད་པའི་གཞུང་ལུགས་དང། ངག་ཐོག་ཏུ་ཡོད་པའི་གཞུང་ལུགས་ཟེར་བ་ལྟ་བུ་རེད་སྙམ། དཔེར་ན་དབུ་མ་དང་། དབུ་མ་སྟོན་བྱེད་ཀྱི་གཞུང་ལུགས་གཉིས་ཅུང་མི་འདྲ་བ་རེད། དབུ་མ་དེ་སྟོན་བྱ་ཡིན་པ་དང། དབུ་མའི་གཞུང་ལུགས་དེ་དབུ་མ་སྟོན་བྱེད་རེད། དེ་དང་དེ་ལྟ་བུ་མང་པོ་ཞིག་རིགས་འདྲེས་སྦྱར་ན་ཤེས་སླ། དེར་བརྟེན་ངའི་གོ་བ་ལེན་བཞིན་པའི་རིག་གཞུང་དེ་གཞུང་ལུགས་ལ་གཙོ་བོར་གོ་བ་ལེན་བཞིན་ཡོད།》 ཅེས་གསུངས་པའང་བདེན་མོད་ཀྱི། དེ་ལྟར་ན་རིག་གཞུང་དང་རིག་གནས་འགལ་བ་ཆགས་ཀྱི་རེད། མུ་གསུམ་མུ་བཞིའང་གྲུབ་ཀྱི་མ་རེད། དེ་གྲུབ་ན་གཞི་མཐུན་མི་སྲིད་པའི་འགལ་བ་མ་ཡིན་པ་ཞིག་དགོས། རིག་གཞུང་ལ་ངས་ལྟ་ཚུལ་ལྟར་ན། རིག་གཞུང་ནི། རིག་པའི་གནས་དང་དེ་སྟོན་བྱེད་ཀྱི་གཞུང་ལུགས་གཉིས་ཀྱི་ཚིག་བསྡུས་བྱས་ཏེ་རིག་གཞུང་ཞེས་ཟེར་བ་དང་། རིག་གནས་ནི། གཞུང་ལུགས་སམ་ངག་རྒྱུན་ནས་བཤད་པའི་མི་རིགས་དེ་དང་དེའི་ཐུན་མོང་མིན་པའི་ལེགས་བྱང་ལ་ཟེར་གྱི་ཡོད། དཔེར་ན། རང་རེ་བོད་ལ་གོང་དུ་བཤད་པ་བཞིན། སྒྲ་རིག་པ་དང་། བཟོ་རིག་པ་སོགས་རེད། བོད། ལྷ་ཀླུ་གཉན་གསུམ་གྱི་གྲོགས་པོས་བཤད་པ་དེ་ནི་ཨུ་ཚུགས་རང་ཡིན་པ་ལས་ལེགས་བཤད་ཀྱི་དྲི་མ་ཙམ་ཡང་ཁག་གི་མི་འདུག བོད་ཀྱི་སྐད་ཡིག་ནི་རིག་གནས་ཆེ་བ་ལྔའི་ནང་གི་སྒྲ་རིག་པ་ཟེར་བ་དེ་ཡིན་པ་དང་། དེ་ཡིན་ན་རིག་གནས་མ་རེད་ཅེས་ལབ་ཐུབ་ཀྱི་མེད། རིག་གནས་ཡིན་པ་ཁས་བླངས་ན། རིག་གཞུང་མིན་ཞེས་ཟེར་ག་ ལ་རུང་སྟེ། རིག་གནས་ཡིན་ན་རིག་གཞུང་ཡིན་པའི་ཁྱབ་པའི་ཕྱིར། བོད་ཀྱི་རིག་གཞུང་ཟེར་བ་ནི་ཧ་ཅང་གི་རྒྱ་ཆེ་གཏིང་ཟབ་ཅིག་རེད། བོད་ཀྱི་རིག་གཞུང་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཅིག་ཡིན་ཡང་། བོད་ཀྱི་རིག་གཞུང་ཡིན་ན་བོད་རང་གི་ཐུན་མོང་མིན་པ་ཞིག་ཡིན་མི་དགོས་ཏེ། སྙན་དངགས་སོགས་ཐུན་མོང་བའི་རིག་གནས་དེ་དག་མི་རིགས་ཐམས་ཅད་ལ་ཡོད་པ་ཡིན་ཡང་། བོད་ཀྱི་སྙན་དངགས་ནི་བོད་རང་གི་སྐད་ཡིག་ཏུ་ཡོད་པས་ཐུན་མོང་མིན་པ་ཡིན་ཞེ་ན་སྐྱོན་མི་འཇུག་སྙམ། བྱས་ཙང་། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་ཡིན་ཡང་། སྐད་ཡིག་གལ་ཆེན་པོ་མིན་པའི་ལྟ་ཕྱོགས་བཟུང་མཁན་ཚོས་ངས་བྲིས་པ་དེ་དག་ལ་ཞིབ་ཏུ་སོམས་དང་རྟོགས་པར་འགྱུར་རོ།། དཔེར་ན་ང་ཚོ་བྱེས་སུ་ཡོད་པ་དང་བྱེས་སུ་སྐྱེས་ཤིང་དེར་འཚར་ལོང་བྱུང་བའི་བོད་མི་དང་། གཞིས་ནས་བྱེས་སུ་སླེབས་པའི་བོད་མི་ཚོ་ཕན་ཚུན་སེམས་ཐག་ཉེ་པོ་དང་། ཁོར་ཡུག་གཅིག་གི་ནང་དུ་བསྡད་ཐུབ་པ་དེ་ཡང་སྐད་ཡིག་ འདིའི་སྐུ་དྲིན་ཡིན་པ་ལས། གལ་ཏེ་སྐད་ཡིག་འདི་འདྲ་ཞིག་མེད་པའི་དབང་དུ་བཏང་ན་བྱེས་སུ་འཚར་ལོང་ཡོང་བའི་བོད་མི་གཞོན་སྐྱེས་དེ་དག་ནི་རང་རང་གི་གནས་སའི་རྒྱལ་ཁབ་དེའི་མི་རིགས་ལ་ཐིམ་པ་ལས་རང་རྐྱ་འཕར་བའི་ལས་ཀ་གང་ཡང་བྱེད་མི་ཐུབ། སྐད་ཡིག་འདི་འདྲ་ཞིག་ཡོད་བཞིན་དུ་ད་དུང་ཕྲན་བུ་འགྱུར་འགྲོ་བཞིན་པ་ལ་གཟིགས་དང་། སྐད་ཡིག་མེད་ན་གདོང་དབྱིབས་དང་ཤ་མདོག་མི་འདྲ་བ་ཙམ་ལས་བོད་པ་མ་རེད་ཅེས་ཟེར་ཆོག་འདས་པའི་ལོ་ལྔ་བཅུ་ང་གཅིག་གི་ནང་དུ་སྐད་ཡིག་ཉམས་པའི་དབང་ དུ་བཏང་ན་གཞིས་པ་ཚོ་རྒྱ་མི་རིགས་ཀྱི་སྐད་དང་ཡི་གེ་བེད་སྤྱོད་བཏང་བ་བཤད་ག་ལ་དགོས། བྱེས་པ་ཚོས་དབྱིན་ཡིག་ཧིན་ཡིག་བེད་སྤྱོད་བཏང་པ་ལས་བྱ་ཐབས་མེད། དེ་ལྟར་ན་བོད་ནས་གསར་དུ་འབྱོར་བ་དང་རྒྱ་གར་དུ་འཚར་ལོང་བྱུང་བའི་གཞོན་སྐྱེས་དེ་དག་ཕན་ཚུན་བལྟས་ན་གདོང་འདྲ་བ་ཙམ་ལས་སྐད་བརྡ་མི་འཕྲོད་པ་ཡིན། སྐད་བརྡ་མ་འཕྲོད་ན་མི་རིགས་གཅིག་ཡིན་པའི་འདུ་ཤེས་དེའང་སླེབས་མི་ཤེས་པ་ཡིན། སྤྱིར་བོད་པ་ཟེར་བ་དེ་ལ་ཁྱད་ཆོས་མང་དུ་ཡོད་ཀྱང་གཙོ་བོ་ནི་སྐད་ཡིག་ཡིན་སྐད་ཡིག་མེད་ན་ཐམས་ཅད་ཉམས་འགྲོ་བ་ཡིན། དཔེར་ན་བོད་མི་རིགས་ཀྱི་རྩ་ཆེན་གྱི་རིག་གཞུང་རྒྱ་མཚོ་ནི་གཙོ་བོ་བཀའ་བསྟན་འགྱུར་དང་། ཐུན་མོང་དང་ཐུན་མོང་མིན་པའི་གཞུང་ལུགས་དེ་དག་བོད་ཡིག་དང་བོད་སྐད་མེད་ན་ཇི་ལྟར་འཆད་སྤེལ་ བྱེད་དམ། ཐབས་ཤེས་གང་ཡང་ཡོད་པ་མ་རེད། དེས་ན་དཔྱོད་ལྡན་དག་གིས་བོད། ལྷ་ཀླུ་གཉན་གསུམ་གྱི་གྲོགས་པོས་བཤད་པ་བཞིན་སྐད་ཡིག་མེད་ན་བོད་མི་རིགས་བརླག་གི་མ་རེད་ཅེས་མ་སྨྲས་ན་མཛེས་སོ།།
༦༽ དབྱིན་ཡིག་མཁས་པ་ཁ་ཤས་ཀྱིས་རིག་གཞུང་དང་རིག་གནས་དོན་གཅིག་མིང་གི་རྣམ་གྲངས་རེད་ཟེར་མཁན་ཡང་འདུག གང་ཡིན་ཞེ་ན་རིག་གནས་དང་རིག་གཞུང་གཉིས་ཀར་ CULTURAL ཞེས་པའི་ཐ་སྙད་ལས་ལོགས་སུ་ཐ་སྙད་མེད་ཟེར་གྱི་འདུག དེ་ཡང་བརྟག་པར་བྱ་བའི་གནས་གལ་ཆེན་ཞིག་ཡིན། ཡང་ཁ་ཤས་ཀྱི་རིག་གནས་དེ་རིག་གཞུང་རེད་རིག་གཞུང་ལ་རིག་གནས་ཡིན་མིན་གཉིས་ཡོད་ཟེར་མཁན་ཡང་འདུག་ཁོ་བོའི་ལྟ་ཚུལ་སྤྱད་དེ་བཤད་ན་ ཕྱི་མའི་བཤད་པ་དེ་ཡང་དག་པ་ཞིག་རེད་སྙམ་སྟེ། མུ་དང་པོ། རིག་གཞུང་ཡིན་ན་རིག་གནས་ཡིན་པའི་མ་ཁྱབ། བཀའ་འགྱུར་རོ་ཅོག་ཆོས་ཅན། མུ་གཉིས་པ། རིག་གཞུང་ཡིན་ན་རིག་གནས་མ་ཡིན་པའི་མ་ཁྱབ། སྐར་རྩིས་དང་ཟློས་གར་སོགས་ཆོས་ཅན། མུ་གསུམ་པ། རིག་གཞུང་མ་ཡིན་ན་རིག་གནས་ཡིན་པའི་མ་ཁྱབ། མེ་འཁོར་དང་རླངས་འཁོར་སོགས་ཆོས་ཅན།
༧ ༽ བོད། ལྷ་ཀླུ་གཉན་གསུམ་གྱི་གྲོགས་པོས། ནང་ཆོས་དང་སྐད་ཡིག་རིག་གཞུང་མ་རེད། བོད་ཀྱི་རིག་གཞུང་ནི་གདོད་མ་ནས་བོད་མི་རིགས་ཀྱི་སེམས་སུ་འཇགས་པའི་བག་ཆགས་ཤིག་ལ་ངོས་འཛིན་བྱས་པ་ནི་མ་བརྟགས་མ་དཔྱད་པའི་སྐད་ཆ་ཞིག་རེད། རིག་གཞུང་ཞེས་པ་ནི་མི་རིགས་དེ་དང་དེའི་ལེགས་བྱང་ལ་ཟེར་གྱི་ཡོད། སེམས་ཀྱི་བག་ཆགས་ལ་བཟང་ངན་གཉིས་ཡོད་པས། ཁྱོད་ལྟར་ན་བག་ཆགས་ངན་པའི་རིགས་ཀྱང་རིག་གཞུང་དུ་ངོས་འཛིན་གྱི་ཡོད་པ་འདྲ། ལར་ཁྱོད་ཀྱིས་བག་ཆགས་རིག་གཞུང་ཡིན་ཞེས་པ་འབྲེལ་མེད་དོན་གཞན་ཞིག་རེད། གང་ཡིན་ཞེ་ན་བོད་ཀྱི་རིག་གཞུང་ནི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་གྱི་ནང་ནས་གཟུགས་ཡིན་པ་དང་། བག་ཆགས་ནི་ཤེས་པ་ཡིན་པས་རིག་གཞུང་དུ་འཇོག་ག་ལ་རུང་། བག་ཆགས་རིག་གཞུང་ཡིན་ན་ཤེས་པ་དང་གཟུགས་ཀྱི་གཞི་མཐུན་འགྱུར་བས། དེ་ལྟར་བཤད་པ་ནི་བོད་མི་རིགས་ཀྱི་རིག་གཞུང་ལ་རྒྱུས་མངའ་ཅི་ཡང་མེད་པའི་རྟགས་སོ།།
ཡང་ནང་ཆོས་དང་སྐད་ཡིག་རིག་གཞུང་མ་རེད། རྒྱལ་བ་རིན་པོ་ཆེས་གསུངས་པ་དེ་ཚོ་ཡང་རིག་གཞུང་མ་རེད་ཟེར་བ་དེ་ཡང་མི་འཐད་དེ། ནང་ཆོས་རིག་གཞུང་ཡིན་པ་རིགས་པས་གྲུབ་སྟེ། ནང་དོན་རིག་པ་རིག་གནས་ལྔའི་གཙོ་བོ་ཡིན་པའི་ཕྱིར། ནང་ཆོས་ནི་རིག་གནས་ལྔའི་ནང་ནས་ནང་དོན་རིག་པ་ཟེར་བ་དེ་ཡིན། དེ་རིག་གནས་མ་རེད་ཅེས་སྔོན་ཆད་སུས་ཀྱང་བཤད་མེད་ལ། མ་འོངས་པར་ཡང་སུས་དེ་ལྟར་འཆད་པར་བྱས་ཏེ་མི་བྱེད་དོ།། རིག་གནས་ཡིན་པ་ཁས་བླངས་ན། རིག་གཞུང་མ་རེད་ཅེས་པའི་ཁྱོད་ཀྱིས་ཁས་ལེན་དེ་ཡང་རང་ཞིག་ཏུ་སོང་བ་རེད། ད་དུང་བོད་ཀྱི་སྐད་ཡིག་རིག་གཞུང་མ་རེད་ཟེར་བ་ནི། བྱབས་ཆུང་ཅི་ཡང་མི་ཤེས་པའི་སྐད་ཆ་ཞིག་ལས་གོ་རྒྱུ་བཟང་པོ་ཏིལ་འབྲུ་ཙམ་ཡང་མེད། མི་རིགས་ཐམས་ཅད་ཀྱི་རང་རང་སོ་སོའི་རྣམ་པ་མཚོན་བྱེད་ཀྱི་རིག་གཞུང་མང་ཡང། སྐད་ཡིག་ནི་མི་རིགས་དེ་དང་དེའི་རྣམ་པ་མཚོན་བྱེད་ཀྱི་གཙོ་བོ་ཡིན་ཏེ། སྔོན་གྱི་མཁས་པས། སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པའི་གསུང་ཚུལ་མང་ལ། རིག་གཞུང་གཞན་པ་ནི་མི་ལ་མཚོན་ན་ལུས་ཀྱི་ཆས་ཤས་ལྟ་བུ་ཡིན་ཡང་། སྐད་ཡིག་ནི་སྲོག་རྩ་རང་ཡིན་ཞེས་གསུངས་པ་ཤིན་ཏུ་མད་པར་སྣང་། མིའི་ལུས་ཀྱི་ཆ་ཤས་གཞན་པ་གང་ཡང་རུང་བ་དཔེར་ན། རྐང་ལག་ལྟ་བུ་ཆད་ནས་མེད་པར་འགྱུར་ནའང་མི་འཆི་བར་མི་འགྱུར་ལ། སྲོག་དང་བྲལ་ན་མི་ཤི་ཚར་བ་རེད་ཡན་ལག་གཞན་པ་ཡོད་ཀྱང་ཕན་མི་ཐོགས་པར་བེམ་རོ་རུ་གྱུར་པ་བཞིན། རིག་གཞུང་གཞན་དག་ཡོད་ཀྱང་སྐད་ཡིག་མེད་ན་དེ་དག་རིམ་བཞིན་ཕན་མེད་ཆུ་ཤིང་བཞིན་འགྱུར་བ་ལས་འོས་མེད། དེས་ན་སྐད་ཡིག་རིག་གཞུང་མིན་ཞེས་སྨྲས་པ་ནི་རང་སྐྱེས་མའི་གདོང་ལ་བལྟས་ཏེ་ངའི་ཨ་མ་མ་རེད་ཅེས་ཟེར་བ་དང་གཅིག་མཚུངས་ཡིན་ནོ།།
༸རྒྱལ་བ་རིན་པོ་ཆེ་མཆོག་གིས། ཡུལ་གོམས་གཤིས་ལུགས་དང་། གླུ་གར་རོལ་མོ། ཟས་གོས་གནས་མལ་སོགས་ཀྱང་རིག་གཞུང་གི་ཁོངས་སུ་བགྲངས་པ་ནི། དེ་དག་རིག་གནས་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་གསུངས་པ་ཞིག་ཡིན། ཁོང་གིས་མ་མཁྱེན་ནས་གསུངས་པ་ག་ལ་ཡིན། བོད་ཀྱི་རིག་གཞུང་ནི་ཤིན་ཏུ་ཁྱབ་ཆེན་པོ་ཞིག་ཡིན་ལ། དེའི་ཁོངས་སུ་དེང་དུས་ཀྱི་རིག་གསར་དང་། ས་ཁམས་རིག་པ། རྫས་འགྱུར་རིག་པ་སོགས་ཀྱང་རིག་གཞུང་གི་ཁོངས་སུ་བསྡུས་ཐུབ་སྟེ། རིག་གནས་ལྔའི་ནང་གི་བཟོ་རིག་པའི་ཁོངས་སུ་བསྡུ་ཆོག་སྟེ། བཟོ་རིག་ལ་དབྱེ་ན་ལུས་བཟོ་དང་། ངག་བཟོ། ཡིད་ བཟོ་བཅས་གསུམ་ཡོད་རིག་གནས་ཐམས་ཅད་དེར་འདུས་པ་ཡིན་ནོ།།
གོང་དུ་བཤད་ཟིན་པ་ལྟར་བོད་ཀྱི་རིག་གཞུང་ལ་སྲོལ་རྒྱུན་དང་རྗེས་དར་གསར་པའི་རིགས་གཉིས་དབྱེ་ན་མཛེས་སོ། ཁ་ཅིག་གིས་བོད་ཀྱི་རིག་པའི་གནས་ལྔའམ་གནས་བཅུས་རིག་གནས་ཐམས་ཅད་བསྡུས་མི་ནུས་ཟེར་བ་དེ་ཡང་ཅུང་ཟད་གོ་རྒྱ་ཆུང་བའི་རྟགས་སུ་ངོས་འཛིན་བྱས་ན་འགྲིགས། ཁོ་བོས་ནི་བོད་ཀྱི་རིག་གནས་བཅུས་མ་ཁྱབ་པའི་རིག་གནས་ཤིག་མེད་ཅེས་ཤོད་ཀྱི་ཡོད་འཐད་མིན་གཟུར་གནས་དྲ་གྲོགས་རྣམ་པས་ཐུགས་ཞིབ་དབྱེ་གསེས་གནང་ན་ད་གཟོད་ ཤེས་སོ།།
བོད། ལྷ་ཀླུ་གཉན་གསུམ་གྱི་དྲི་བ་ཡོངས་སུ་རྫོགས་པ་ནད་བརྒྱ་སྨན་གཅིག་གི་ཚུལ་དུ་དཔྱད་རྩོམ་འདིའི་ནང་བསྡུས་ཏེ་བརྗོད་པ་ཡིན། གཟིགས་དང་ཕལ་ཆེར་མ་འདུས་པ་མེད་སྙམ་སྟེ། ད་དུང་ཡང་མ་རྟོགས་པ་དང་ལོག་པར་རྟོགས་པ་ཐེ་ཚོམ་གྱི་གནས་གང་ཡོད་ཀྱང་ང་ཚོ་དྲ་གྲོགས་ཚང་མས་མཉམ་རུབ་ཀྱིས་བགྲོ་གླེང་བྱས་ན་ཕུན་སུམ་ཇེ་ཚོགས་ཇེ་ཚོགས་སུ་འགྲོ་རྒྱུ་གོར་མ་ཆག་གོ། །།
