ཞོགས་དུང་གཅིག་བུ་ལས་ང་ཚོ་གླེང་རྒྱུ་མེད་སོང་བ་རེད་དམ།

ཡོངས་གྲགས་སུ་བོད་ཕྱི་ནང་གཉིས་སུ་གླེང་ཕྱོགས་འདི་འདྲའི་རིགས་གཉིས་ལ་བརྟེན་ནས་ཞོགས་དུང་ཟེར་བའི་མིང་ནས་འབོད་པའི་བོད་ཀྱི་དེང་རབས་རྩོམ་པོ་པོ་བཀྲ་རྒྱལ་ལགས། ད་ལྟ་བོད་ཕྱི་ནང་གཉིས་སུ་ཤུགས་ཆེན་པོ་གླེང་སློང་བྱེད་ཀྱི་ཡོད་པ་རེད། དོན་དངོས་སུ་ཞོགས་དུང་གིས་བྱ་བ་ག་རེ་ཞིག་བློས་གཏོང་བྱེད་འཕོད་པའི་སྙིང་སྟོབས་དེ་ནི་ངེད་ཅག་ད་ལྟ་བོད་ཕྱི་ནང་གཉིས་སུ་ཡོད་མཁན་ཚང་མས་ཤེས་དགོས་པ་ཞིག་ནི། ཁོ་རང་གིས་རྒྱ་ནག་སྲིད་གཞུང་གི་གཡོ་སྒྱུ་དང་། ཁྲེལ་གཞུང་མེད་པའི་བྱེད་སྟངས། རྒྱུ་འབྲས་མེད་པའི་མནར་གཅོད་གཏོང་སྟངས། གནས་ལུགས་བཤད་ས་མེད་པའི་སྲིད་གཞུང་ཞིག་གི་སྒོ་འགྲམ་ནས་བོད་ཀྱི་སྐྱིད་སྡུག་གླེང་མཁན་སུ་ཞིག་བྱུང་ན་དེ་ནི་ཁྲིམས་ཁང་དང་། ཐ་ན་ཚེ་སྲོག་ཡང་ཤོར་འགྲོ་བཞིན་པའི་གནད་དོན་དེ་ཤེས་བཞིན་དུ་ཁོ་རང་གིས་བློ་ཐག་རྦབས་ཆོད་ཀྱིས་བརྩམས་དེབ་ཞིག་བྲིས་གནང་བ་དེ་ནི་ངེད་ཅག་བོད་ཕྱི་ནང་གཉིས་སུ་ཡོད་མཁན་སེར་སྐྱ་ཕོ་མོའི་ཚང་མས་རྒྱབ་སྐྱོར་དང་ཡི་རུང་བྱེད་དགོས་པ་ཞིག་རེད་ཅེས་ཐག་བཅད་ཆོགཕྱོགས་ངོས་གཞན་ནས་ང་རང་ཞོགས་དུང་གི་རྩོམ་ཡིག་ཀློག་མཁན་ཞིག་གི་དངོས་ནས་ལྟ་ཚུལ་ཞིག་བྱུང་བ་དེ་ནི་ཞོགས་དུང་གིས་ག་དུས་ཡིན་ཡང་སངས་རྒྱས་ཆོས་ལུགས་ཀྱིས་བོད་འདི་མེད་པར་བཏང་ཚུལ་ཞིག་བཤད་ཀྱི་ཡོད་པ་ལྟ་བུ་ཞིག་ངས་ཡང་དང་བསྐྱར་དུ་ཀློག་ཡང་ཚོར་ཐུབ་མ་སོང་། ངས་ཚོར་བ་དེ་ནི་སངས་རྒྱས་ཆོས་ལུགས་ཁ་ལ་བཟུང་ནས་རང་དོན་འཁོ་ན་ལས་བསམ་རྒྱུ་མེད་པའི་སྟོན་པའི་ན་བཟའི་སྐུ་རྩེད་བྱེད་མཁན་གྱི་མི་སྣ་དེ་ཡི་རིགས་ཀྱི་བོད་མི་དམངས་འདི་གཡང་དུ་བསྐྱལ་བར་བརྗོད་ཀྱི་ཡོད་པ་ལྟ་བུ་ཞིག་མཐོང་སོང་། དེ་ཡིན་དུས་ཁོ་རང་ལྟ་བ་ལོག་པ་ཟེར་བའི་མི་དེ་འདྲ་ཞིག་ཀྱང་གཏན་ནས་མ་རེད། རྒྱུ་མཚན་ནི་ཁོ་རང་ཆོས་ལུགས་པ་ཞིག་མིན་དུས་ཆོས་ལུགས་ཀྱི་ལྟ་བ་ཞིག་རྒྱུད་དུ་མེད་པར་ལྟ་བ་ལོག་སྟངས་ཤིག་ཡོད་སྲོལ་མེད། མཐའ་དོན་བདག་གི་ཞོགས་དུང་ལ་ལྟ་སྟངས་ཤིག་བཤད་ན། ཁོང་ནི་མི་རིགས་ཀྱི་ལར་ཞེན་ལས་ཡོངས་སུ་བཟི་ཟིན་པའི་དུས་རབས་གསར་བའི་དེང་རབས་ཀྱི་མི་བུ་སྒེར་ཚུགས་ཅན་ཞིག་དང་། རང་གི་ནག་ཉེས་དང་རང་གི་རྣམ་དཔྱོད་ལ་རང་གིས་ཐེར་འདོན་བྱེད་འཕོད་པའི་གསར་བརྗེ་རང་ལུགས་པ་ཞིག་རེད་སྙམ་གྱི་ཡོད། ཞོགས་དུང་གི་གཙོ་བའི་ད་ལྟའི་བོད་ནང་གི་རྩོམ་པ་པོ་གངས་ཉི་དང་། ཐེའུ་རང་། སྒྲོལ་མ་སྐྱབས། ཞོགས་ལྗངས་སོགས་དུས་རབས་གསར་བའི་བོད་ཀྱི་གཞོན་སྐྱེས་ཆེས་མི་ཉུང་བ་ཞིག་གིས་རང་རང་གི་བསམ་ཚུལ་སྒེར་ཚུགས་ཡོད་པ་ཞིག་གི་སྒང་ནས་བོད་མི་རིགས་ཀྱི་གནད་དོན་གླེང་ནས་རྒྱ་ནག་པོའི་ཁྲིམས་ཁར་འཚུད་པ་དེར་འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་བོད་མི་ཡོངས་ཀྱིས་ལྟ་སྟངས་གཅིག་པ་དང་། འབོད་སྐུལ་གཅིག་པ། རྒྱབ་སྐྱོར་གཅིག་པ་ཞིག་ཡོང་རྒྱུར་ངས་སེམས་གཏིང་ནས་འབོད་སྐུལ་ཞུས་པ་ཡིན།