གངས་ཅན་པའི་སྙིང་སྟོབས།

ང་ཚོར་མེད་པ་ནི། སྨྲ་བརྗོད་ཀྱི་རང་དབང༌།
འགྲོ་བ་མིའི་ཐོབ་ཐང༌།
རང་ཡུལ་གྱི་བདག་དབང༌།
དམངས་གཙོའི་ལམ་ལུགས།
འོན་ཀྱང༌། དྲང་བདེན་གྱི་ལུས་ཕུང་ལ་ཚེ་སྲོག་གི་གསོན་ཤུགས་ལྡན།
ཆོས་རིག་གི་ཕོ་གསར་ལ་རིག་གསར་གྱི་མནའ་མ་བླང་ཆོག
སྐད་ཡིག་གི་ས་ཞིང་ལ་དཻང་རབས་ཀྱི་མྱུག་གསར་ཅིས་ཀྱང་སྐྱེས་ངེས།
གངས་ཅན་པ།  སྙིང་སྟོབས་སྐྱེད་ཅིག
ངེད་ཅག་ངོ་གནོངས་དམའ་ཆགས་དགོས་དོན་མེད།
སུམ་གཉིས་སའི་དཀྱིལ་འཁོར་ལ་གོམ་སྒྲ་བཞག་མྱངས་ལ།
རྒྱལ་རྔར་དཔའ་བརྡའང་དྲག་ཏུ་བརྡུངས་མྱངས།
ལོ་རྒྱུས་ནི་གསུབ་ཐབས་མེད་ལ།
སྙིང་སྟོབས་ནི་དེ་བས་ཀྱང་གཅོག་མི་ཐུབ།
རེད་ཡ། ང་ཚོ་ལ་དགོས་མཁོ་ནི། དབུ་མའི་ལམ།
ཚད་ལྡན་གྱི་རང་སྐྱོང༌། རང་དབང་གི་ཁོར་ཡུག
ད་དུང་ངེས་དགོས་པ་ནི།
ཕྱི་དངོས་པོའི་འཛུགས་སྐྲུན་གྱིས།
ནང་བསམ་པའི་དཔལ་ཡོན་གྱི་ཚབ་དེ་བས་ཀྱང་བྱེད་མི་ནུས།
༢༠༠༨ ཟླ་བ་ ༤ ཚེས་ ༡༡ མཚན་མོའི་ཕྱག་ཚོད་བཅུ་གཅིག་དང་ཕྱེད་ཁར་བྲིས།