ང་ཚོ་བོད་མིར་སྐྱེ་བ་ནོར་བ་རེད་དམ།

དེང་དུས་དུས་རབས་ཉེར་གཅིག་པའི་ནང་དུ་འཛམ་གླིང་ཟླུམ་པོ་འདི་ནི་ཞི་བདེ་ལ་ ཁ་ཕྱོགས་པའི་འཛམ་གླིང་ཞིག་དུ་བསྒྲགས་བཞིན་ཡོད་པའི་སྐབས་འདི་ལ། ང་ཚོ་བོད་མི་དག་གིས་རང་ས་རང་ཡུལ་ནས་ང་རང་བོད་མི་ཡིན། ངས་བོད་ཡིག་སྤྱོང་དགོས་ཀྱི་ཡོད། ངས་བོད་མི་རིགས་ཀྱི་ལ་རྒྱ་འཛིན་དགོས་ཟེར་དབང་མེད་པའི་སྲིད་གཞུང་ཆེས་ཡ་ང་ སྙིང་རྗེ་ཏུལ་ཙམ་མེད་པ་དང་། བསམ་ཤེས་གཏན་ནས་བྲལ་བའི་སྲིད་གཞུང་འདི་ལ་ང་ཚོས་དུས་དང་རྣམ་པ་ཀུན་དུ་ཡིད་ ཆེས་བྱེད་ཐབས་མེད་པ་ར་སྤྲོད་ཀྱི་ཡོད་པའི་གནས་ལུགས་འདི་དག་སེམས་ཁུང་དུ་གཉར་ ནས། བོད་མི་རིགས་འདི་འཛམ་གླིང་འདི་ནས་དྲང་བདེན་དང་ཚེ་སྲོག་གི་རང་དབང་ཡོད་པ་ཞིག་ ལ་སླེབས་ཐུབ་པའི་འབོད་སྒྲ་སྒྲོག་པ་དང་། ཞི་བདེའི་གྱེན་ལོངས་ཆེན་པོ་ཞིག་བྱེད་པའི་དུས་སུ་སླེབས་ཡོད་པར་ངེས་ཟིན་ཐོབ་ དགོས་ཀྱི་འདུག

དེ་ཡང་བོད་མི་ང་དང་འདྲ་བ་དག་གིས་ཁ་བདེ་བོ་དང་གོ་སྐབས་རེག་ས་ནས་དུས་ཚོད་ རེ་གཉིས་ལ་གཏམ་གླེང་རེ་བྱེད་པ་དང་། སྤུན་ཟླ་རེ་ཟུང་རེ་འཛོམ་ནས་ཇ་ཁ་ཆང་ཁ་ནས་སྟོང་ལབ་རེ་བརྒྱབས་དེ་ཉིན་མ་རི་ལ་ བསྐྱལ་བའི་ལོ་ཟླ་དེ་དག་ནི་རྫོགས་ཟིན་པ་དེར་བོད་མི་གང་ན་སུ་ཡོད་པ་དག་གིས་རང་ རང་གི་སེམས་ཁོང་དུ་མི་གཅིག་གི་སྒེར་དོན་ལས་མི་རིགས་ཤིག་གི་སྤྱི་དོན་གལ་ཆེན་ དོན་ཆེན་དུ་འཛིན་དགོས་པའི་སྟེ་གནས་ནི། གཙོ་བོ་དེ་ནི་ཚོགས་པ་སྐྱིད་སྡུག་གི་འགོ་ཁྲིད་ཀྱི་མིང་ཡོད་མཁན་དང་། བོད་དོན་དུ་ལས་འགུལ་སྤེལ་མཁན་གྱི་བོད་མི་གཙོ་གྲས་དེ་ཚོ་ཆགས་ཡོད་པ་ཡིན། དེ་དག་གིས་གང་བྱེད་པ་དེ་དག་གིས་བོད་མི་རིགས་ལ་བག་ཆགས་གཏིང་ཟབ་འཇོག་ངེས་ཡིན་ ལ། བོད་མི་རིགས་ཀྱིས་ཀྱང་ད་གཟོད་ཚོགས་པ་དང་སྐྱིད་སྡུག་གི་མིང་ཡོད་པ་དེ་དག་ལ་ བློ་གཏད་དང་ཡིད་ཆེས་ཀྱི་ངང་རྒྱབ་སྐྱོར་བྱེད་ངེས་ཡིན།

ད་ལྟ་བོད་ཀྱི་སྐྱིད་སྡུག་མཉམ་མྱོང་གི་ཆེད་དུ་འཛམ་གླིང་ཡུལ་གྲུར་གང་སར་ གནས་པའི་ཚོགས་པ་སྐྱིད་སྡུག་གི་ཁག་གིས་བོད་ནང་གཙོ་བོར་བཟུང་དེ་སྐད་འབོད་ བྱེད་པ་དང་། ཚེ་སྲོག་གི་དམ་བཅའ་བཞག་ནས་བོད་མི་རིགས་འདི་གཡོ་སྒྱུའི་སྲིད་གཞུང་། རྒྱ་དམར་པོའི་གཞུང་ལ་གཏན་ནས་ཡིད་ཆེས་བྱེད་ཐུབ་མེད་པ་དེ་སེམས་ལ་བཅིངས་ནས་ རྒྱ་ནག་སྲིད་གཞུང་གིས་ཀྱང་། ད་ནི་བོད་མི་རིགས་འདི་གཉིད་ནས་སད་དེ་འོང་གི་འདུག འདི་ལ་ཡ་ལན་ཞིག་མ་བྱས་པ་ཡིན་ན། ནམ་ཞིག་བོད་རྒྱ་མི་རིགས་གཉིས་བར་གྱི་གནད་དོན་འདི་ནི་བསྐལ་བའི་བར་དུ་འདག་ན་ འདག་ཐབས་མེད་པ་དང་། དཀྲུ་ན་དཀྲུ་ཐབས་མེད་པ་ཞིག་ཆགས་ས་རེད་བསམ་པའི་བསམ་བློ་འཁོར་བའི་ལས་འགུལ་ གྱི་འགོ་རྩོམ་ཞིག  ང་ཚོ་བོད་ཀྱི་རིགས་སུ་གཏོགས་པ་འཛམ་གླིང་གི་ཡུལ་གྲུར་གང་སར་ཡོད་པའི་བོད་མི་ དག་གིས་ཁྱེད་ཅག་གིས་ལས་འགུལ་ཞིག་འགོ་རྩོམ་པར་སྒུག་ནས་ཡོད། ཀི་ཀི་བསོ་བསོ། བོད་རྒྱལ་ལོ།